མཆོདཔ་ཕུལ་ཐངས་ ག་དེ་སྦེ་ར་ཡོདཔ་ཨིན་ན?

༉ ནང་པ་སངས་རྒྱས་པའི་ཆོས་ལུ་ དད་པ་ཡོད་མི་ཚུ་གིས་ དྲོ་པ་ཧ་སག་ལོང་ཞིནམ་ལས་ རང་སོའི་མཆོད་བཤམས་ནང་ མཆོདཔ་ཕུལ་སྲོལ་ཡོད་རུང་ མཆོད་ཏིང་བདུན་ཚར་གཅིགཔོ་ ག་དེ་སྦེ་ སྒྲིགཔ་ཨིན་ན་དང་ མཆོདཔ་དེ་ གཡས་གཡོན་༢ ལས་ ག་ཏེ་ལས་སྦེ་ འགོ་བཙུགས་ཏེ་ ཕུལ་དགོཔ་ཨིན་ནའི་ བཞེད་སྲོལ་/ལམ་ལུགས་མ་འདྲཝ་ལེ་ཤ་ཡོདཔ་ཨིན་པས།

དེ་ཡང་ ལམ་ལུགས་མ་འདྲཝ་ཡོད་མི་ཚུ་ལུ་ རྒྱུ་མཚན་དང་ལྡནམ་སྦེ་ཡོདཔ་ལས་ གོ་བ་ལེན་ཤེས་པ་ཅིན་ དེ་ལུ་ འགལ་བ་མེད་རུང་ ལ་ལོ་ཅིག་གིས་ གཅིག་བདེན་པ་ཅིན་ གཅིག་མི་བདེན་ཟེར་ མནོ་དོ་ཡོདཔ་མ་ཚད་ ལ་ལོ་གིས་ རང་ཕྱོགས་བཟུང་སྟེ་ གཞན་ཕྱོགས་ལུ་ ལོག་ལྟ་བསྐྱེད་ནི་དང་ ལ་ལོ་ཅིག་ མགུ་འཐོམ་ཏེ་ ག་ལུ་ཆ་བཞག་ནི་ཨིན་ན་ མ་ཤེས་པར་ སྡོད་མི་ཡང་ ཡོདཔ་ཨིན་པས།

མཁས་པ་ལ་ལོ་ཅིག་གིས་ བདག་བསྐྱེད་མཆོདཔ་དེ་ རང་གི་གཡས་ལས་འགོ་བཙུགས་ཏེ་ གཡོན་ཁ་ཐུག་ལུ་ བཤམས་དགོཔ་བཞིན་དུ་ མདུན་བསྐྱེད་མཆོདཔ་དེ་ འབད་བ་ཅིན་ རྟེན་གྱི་གཡུས་ལས་སྦེ་ འགོ་བཙུགས་ཞིནམ་ལས་ གཡོན་ཁ་ཐུག་ བཤམས་དགོཔ་སྦེ་ གསུངས་ཏེ་ཡོདཔ་ཨིན་པས།

ལ་ལོ་གིས་ ཕ་བརྒྱུད་ཀྱི་རིགས་ལུ་འབད་བ་ཅིན་ མཆོདཔ་དེ་ གཡས་ལས་འགོ་བཙུགས་དགོཔ་དང་ མ་བརྒྱུད་ཀྱི་རིགས་ལུ་ གཡོན་ལས་འགོ་བཙུགས་དགོཔ་སྦེ་ གསུངས་ཡོདཔ་བཞིན་དུ་ གསར་མའི་ལུགས་ལས་འབད་བ་ཅིན་ རང་གི་གཡས་ལས་དང་ མ་བརྒྱུད་ཀྱི་རིགས་ལུ་ གཡོན་ཁ་ཐུག་ལས་ འགོ་བཙུགས་དགོ་ཟེར་གསུངས་ནུག།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གིས་ མཆོད་པ་བཤམས་ཚུལ་སྐོར་ མཛད་ཡོད་མི་དང་འཁྲིལཝ་ད་ རྙིང་མའི་ལུགས་ལུ་འབད་བ་ཅིན་ མདུན་ཟེར་གདོང་ཁའི་རྟེན་གྱི་གཡས་ལས་ འགོ་བཙུགས་དགོཔ་དང་ ལ་ལོ་ཅིག་གིས་ གདོང་ཁའི་རྟེན་གྱི་ གཡོན་ལས་གཡས་ཁ་ཐུག་ བཤམས་སམ་ ཕུལ་མི་དེ་ ནང་པ་སངས་རྒྱས་པའི་ ལུགས་ཨིནམ་ལས་ དཀྱིལ་འཁོར་བསྐོར་དོ་བཟུམ་དང་ གཡས་ལས་ གཡོན་ཁ་ཐུག་ ཕུལ་མི་དེ་ བོན་ལུགས་ཨིནམ་ལས་ ཆོས་སྐོར་དང་ བོན་སྐོར་ཟེར་ སླབ་མི་ཡང་ཡོད་རུང་ འདི་མི་བདེན་ཟེར་ཨིན་པས།

གསར་མ་པ་ལྷོ་འབྲུག་གི་ ཕྱག་བཞེས་ལུ་ བདག་མདུན་ལ་སོགས་པའི་ དབྱེ་བ་མ་ཕྱེད་པར་ མཆོདཔ་དེ་ རང་གི་གཡུས་དང་ གདོང་ཁའི་རྟེན་གྱི་ གཡོན་ཁ་ཐུག་ལས་ འགོ་བཙུགས་དོ་ཡོད་མི་དེ་བདེན་རུང་ གསར་མ་པ་ག་ར་གིས་ དེ་བཟུམ་སྦེ་ ལག་ལེན་འཐབ་མི་ཡང་ མཐོང་ནི་ཡོདཔ་བཞིན་དུ་ རྙིང་མ་པ་ཚུ་གིས་ གདོང་ཁའི་རྟེན་གྱི་ གཡས་ལས་ འགོ་བཙུགས་མི་དེ་ ལ་ལོ་བདེན་རུང་ ངེས་པ་མེད་ཟེར་ཨིན་པས།

དེ་ཡང་ དཔེ་འབད་བ་ཅིན་ རྙིང་མའི་ཕྱག་སྲོལ་ཡོངས་གྲགས་ དཀྱིལ་འཁོར་གྱི་ བྱང་ཤར་ལུ་མེ་ཏོག་ ཤར་ལུ་མཆོད་ཡོན་ ཤར་ལྷོ་ལུ་ཞབས་བསིལ་ ལྷོ་ལུ་མེ་ཏོག་ ལྷོ་ནུབ་ལུ་བདུག་སྤོས་ ནུབ་ལུ་མར་མེ་ ནུབ་བྱང་ལུ་དྲི་ཆབ་དང་ བྱང་ལུ་ཞལ་ཟས་ཚུ་ བཀལ་བའི་སྐབས་ གདོང་ཁའི་རྟེན་གྱི་ གཡོན་ལས་ གཡས་བསྐོར་ལུ་བཀལ་སར་ མཐོང་ནི་དེ་གིས་ཨིན་པས།

དེ་མ་ཚད་ སྔ་འགྱུར་རྙིང་མའི་ མཁས་གྲུབ་ཚུ་གིས་ གདོང་ཁའི་རྟེན་གྱི་གཡོན་ ཤེས་རབ་སྟོང་པ་ཉིད་ལས་ མཆོད་རྫས་ཐབས་ཀྱི་རྣམ་པ་ ཤར་བའི་ཚུལ་ལུ་ གཡོན་ལས་འགོ་བཙུགས་ གཡས་ཁ་ཐུག་ལུ་ བཤམས་དགོ་ཟེར་ ཐབས་ཤེས་ཟུང་འཇུག་གི་ དོན་ལུ་སྦྱར་ཏེ་ གསུངས་ཡོད་མི་དེ་ ལྷོ་འབྲུག་གི་ ཕྱག་ལེན་ཡང་ དེ་དང་མཐུན་པར་མཐོངམ་ལས་ མཐར་ཐུག་ལུ་ འགལ་བ་དུམ་གྲ་ཅིག་ཡང་ མིན་འདུག་ཟེར་ཨིན་པས།

གདོང་ཁའི་རྟེན་གྱི་ གཡོན་ཁ་ཐུག་ལས་ གཡུས་ལུ་བཤམས་མི་དང་ དཀྱིལ་འཁོར་གཡས་ལུ་ བསྐོར་མི་༢ དུམ་གྲ་ཅིག་ མ་འདྲ་མི་དེ་ཡང་ དཀྱིལ་འཁོར་རམ་ ལྷ་ཁང་བཟུམ་ཚུ་ གཡས་ལུ་བསྐོར་བའི་སྐབས་ བསྐོར་ར་སྐོར་མི་ཚུ་ གདོང་ཁའི་གཡས་ཕྱོགས་ལས་ གཡོན་ཁ་ཐུག་ལུ་ གྱལ་སྒྲིག་དགོ་མི་ལུ་བརྟེན་ཨིནམ་ད་ དཔེ་འབད་བ་ཅིན་ ཡི་གུ་དྲུག་མ་ཚུ་ སྔགས་ཕྲེང་གི་ འཁོར་ལོ་བཟུམ་འབད་ནི་དེ་གིས་ཨིན་པས།

དེ་ལས་ གཡོན་ལས་ གཡས་ཁ་ཐུག་ལུ་ གྱལ་སྒྲིག་ཞིནམ་ལས་ བསྐོར་ར་སྐོརཝ་ད་ གཡོན་སྐོར་ཨིནམ་ལས་ བོན་ལུགས་ཨིནམ་སྦེ་ མནོ་བསམ་བཏང་པ་ཅིན་ ཤེས་རབ་གཙོ་བོ་བཏོན་པའི་ སྔགས་ཕྲེང་གཡོན་སྐོར་ཚུ་ཡང་ བོན་ལུགས་ལུ་ ཐལ་ནི་ཨིན་མི་ལུ་བརྟེན་ མི་བཏུབ་ཟེར་ཨིན་པས།

དེ་བཟུམ་སྦེ་ སྤྱིར་བཏང་ལུ་འབད་བ་ཅིན་ རང་ལས་རྟེན་ རྩ་ཆེ་བའི་ དབང་དུ་བཏང་སྟེ་ གདོང་ཁའི་རྟེན་གྱི་ གཡས་ཕྱོགས་ལས་ འགོ་བཙུགས་མི་དེ་ཡང་ འཐད་ཏོག་ཏོ་ཨིནམ་བཞིན་དུ་ མནོ་བསམ་ལོག་པ་བཏང་མ་བཏུབ་པའི་ཁར་ རང་གི་གཡས་ལས་ འགོ་བཙུགས་མི་དེ་ལུ་ཡང་ རྒྱུ་མཚན་ཁྱད་པར་ཅན་གྱི་ ཕྱག་སྲོལ་ཨིན་མི་ལུ་བརྟེན་ གོ་ལོག་ཨིན་པའི་ མནོ་བསམ་བཏང་མ་བཏུབ་སྦེ་ གསུངས་ནུག་ཟེར་ཞུ་ནི།

སྐལ་བཟང་དབང་ཕྱུག།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *