དུས་རབས་༡༤ པའི་ནང་ བླམ་ངག་དབང་བློ་གྲོས་ཀྱིས་བཞེངས་མི་ བཀྲིས་གཡང་རྩེ་མཆོད་རྟེན་སྐོར་ར།

མཆོད་རྟེན་སྐོར་རའི་ དུས་གསུམ་གྱི་དྲན་སྣང་།

༉ མཁོ་ལོང་ཆུ་གཙང་ཆུའི་མཐའ་མར་ ཐང་སྦོམ་ཅིག་ནང་ ཡོངས་གྲགས་ལུ་ མཆོད་རྟེན་སྐོར་ར་འམ་ བཀྲིས་གཡང་རྩེ་ཟེར་སླབ་མི་ ཁྲོམ་སྡེ་དེ་ ད་རེས་ནངས་པར་ ལེགས་བསྒྱུར་འགྱོ་སར་ མཐོངམ་ཨིན་པས།
རང་ལུགས་ཀྱི་ བཟོ་བཀོད་དང་ལྡན་མི་ ཁྲོམ་གྱི་ཉེ་འདབས་ལུ་ཡོད་པའི་ མཆོད་རྟེན་སྐོར་ར་དེ་ ལོ་ངོ་བཅུ་ཕྲག་གི་ཧེ་མར་ ས་ཆ་སྤང་ཐང་སྦེ་ཡོདཔ་ཨིན་རུང་ ལོ་ངོ་༧༠ འི་ཤུལ་ལས་ དཀོན་མཆོག་ཚེ་རིང་གིས་ ཁོ་རའི་ཕམ་ཚུ་གིས་ བདག་འཛིན་འཐབ་མི་ བྱག་གི་ལུང་གཤོང་དེ་ ག་བཟུམ་ཡོདཔ་ཨིན་ན་ དྲན་གསལ་འབདཝ་ཨིན་པས།
སྐྱེས་ལོ་༧༣ ལང་མི་ དཀོན་མཆོག་ཚེ་རིང་དེ་ ཧེ་མ་ལས་ ས་གནས་དེ་ནང་སྡོད་དེ་ རྫོང་ཁག་གི་འགྱུར་བ་དང་ འདས་པའི་ལོ་ཚུ་ནང་ གོང་འཕེལ་གྱི་འགྱུར་བ་ཚུ་ ག་དེ་སྦེ་ར་ སོང་ཡོདཔ་ཨིན་ན་ ཤེསཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ ད་ལྟོའི་ ཁྲོམ་གྱི་ལྟག་ལུ་ བྱག་གིས་གང་ཡོདཔ་མ་ཚད་ ས་ཁོངས་གཞན་ཚུ་ག་ར་ རྩྭ་ཐང་སྦེ་ཡོདཔ་ད་ ཁོ་རའི་ ཕམ་ཚུ་སྡོད་སའི་ སྦ་སྒོར་དག་པ་ཅིག་མ་གཏོགས་ ཁྱིམ་ཕུད་རྡོག་གཅིག་ཡང་ མེད་ཟེར་ཨིན་པས།
ཁོ་རའི་ ཕམ་ཚུ་གིས་བཤད་མི་ ལོ་རྒྱུས་དང་འཁྲིལཝ་ད་ ལོ་ངོ་སྟོང་ཕྲག་གི་ཧེ་མར་ ལུང་གཤོང་དེ་ནང་ ཆུ་རུད་སྦོམ་ཐོན་ཏེ་ དེ་ནང་སྡོད་མི་ མི་དང་ཁྱིམ་ཚུ་ག་ར་ འཕྱགས་འབག་ཡོདཔ་སྦེ་ བཤད་ནི་འདུག་ཟེར་ཨིནམ་ད་ ཨིན་རུང་ ཁོ་གིས་ ངོ་ཤེས་མི་ཚུ་ལུ་ ཆུ་རུད་ཐོན་པའི་ ཉམས་མྱོང་མིན་འདུག་ཟེར་ཨིན་པས།
ཨིན་རུང་ ས་ཁོངས་དེ་ནང་ རྡོ་སྦོམ་ཚུ་ཡོད་མི་ལུ་བལྟ་བ་ཅིན་ ཆུ་རུད་སྦོམ་སྦེ་ར་ ཐོན་ཐོནམ་འོང་ནི་མས་ཟེར་ཨིནམ་ད་ དཀོན་མཆོག་ཚེ་རིང་ཁོ་ར་ ལོ་ན་ཆུང་ཀུའི་བསྒང་ལས་ར་ དཀའ་སྡུག་མྱོང་ཡོདཔ་ད་ ཁོ་ར་ སྐྱེས་ལོ་༡༡ ལངམ་ད་ གཉེན་རྐྱབ་སྟེ་ སྐྱེས་ལོ་༡༧ ལུ་ འགོ་དང་པ་ ཉེ་འདབས་ཀྱི་ས་གནས་ རྒྱ་གར་ཨ་རུ་ན་ཅཱལ་ལུ་ ཚོང་བཏོན་པར་འགྱོ་བའི་སྐབས་ ས་གནས་དེ་ནང་ དམག་འཁྲུག་ལང་པའི་དུས་དང་ ཁ་ཐུག་རྐྱབ་ལས་ དཀྲོགས་མདའ་གི་སྐད་འགོ་དང་པ་ གོ་ཡི་ཟེར་ཨིན་པས།
དཀོན་མཆོག་ཚེ་རིང་གིས་ ཁོ་རའི་ཕམ་ཚུ་བཟུམ་སྦེ་ བཟའ་ཚང་སྐྱོང་སྟེ་ སོ་ནམ་གྱི་ལཱ་འབད་སྡོད་ནིའི་ མནོ་བསམ་བཏང་ཡོད་རུང་ ཁོ་ར་ སྐྱེས་ལོ་༢༣ ལངམ་ཅིག་ དམག་མི་སྦེ་འཐུ་ནི་དེ་གིས་ ལོ་ངོ་༢༥ འི་རིང་ དམག་སྡེའི་ནང་ ཕྱག་ཞུ་བའི་སྐབས་ ས་ཁོངས་གཅིག་ལས་གཅིག་བརྒྱུད་དེ་ གནས་སྤོ་ཡི་ར་ སྡོད་དགོཔ་ཐོན་ནུག།


དམག་མི་ནང་ འཛུལ་ནི་དེ་གིས་ གཡུས་ཁར་ རེ་ཚེ་སྐབས་ཅིག་མ་གཏོགས་ འོང་ནི་མེདཔ་ལས་ ཚར་རེ་འོངམ་ད་ གོང་འཕེལ་གྱི་འགྱུར་བ་ཚུ་ འགྱོ་སར་མཐོངམ་མས་ཟེར་ཨིནམ་ད་ ད་རེས་འབདཝ་ད་ ས་ཁོངས་ནང་ ཁྱིམ་གསརཔ་ལེ་ཤ་ རྐྱབ་ཡོདཔ་མ་ཚད་ མི་གསརཔ་ཡང་ ལེ་ཤ་ར་ འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་ར་ ཕྱི་ཁར་སྡོད་དགོ་ནི་དེ་གིས་ ཁོ་རའི་ཨ་ལོ་ཚུ་ སྦོམ་འགྱོ་སར་ མ་མཐོང་ཟེར་ཨིནམ་ད་ ཁོ་རའི་གནས་ཚང་གིས་ བཀོག་བཞག་སྟེ་ སོང་ཡོདཔ་བཞིན་དུ་ ཕམ་ཚུ་ཡང་ གྱོངས་ཡོདཔ་ཨིན་པས།
ང་ར་ ཕྱི་ཁར་སྡོད་དགོ་ནི་དེ་གིས་ གཡུས་ཁར་ ག་ཅི་འབད་རུང་ ལྷོད་མ་ཚུགསཔ་ལས་ ད་ལྟོ་ བློ་འགྱོད་བསྐྱེདཔ་མས་ཟེར་ཨིནམ་ད་ ཨིན་རུང་ དེ་བསྒང་ཡང་ ག་ནི་ཡང་འབད་མ་ཚུགས་པའི་ཁར་ ད་ལྟོ་འབད་རུང་ ག་ནི་ཡང་ འབད་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ ད་རེས་ནངས་པར་ ཁོ་ལུ་ བློ་བདེ་ཤོས་ར་ ཁོ་རའི་ ཁྱིམ་གྱི་ཉེ་འདབས་ལུ་ཡོད་མི་ མཆོད་རྟེན་དཀརཔོ་ནང་ལྷོདཔ་ད་ སེམས་བག་ཕེབས་ཏོག་ཏོ་ བྱུངམ་མས་ཟེར་ཨིན་པས།
ད་ལྟོ་ སྐྱེས་ལོ་༧༣ ལང་མི་ ཨ་རྒས་ཀྱིས་ ཉིན་བསྟར་བཞིན་དུ་ མཆོད་རྟེན་སྐོར་ར་རྐྱབ་དོ་ཡོདཔ་ད་ འཕྲལ་འཕྲལ་སྐབས་ ཉིནམ་ཅིག་ནང་ ཆུ་ཚོད་༨ དེ་ཅིག་ སྐོར་ར་རྐྱབ་སྟེ་ སྡོད་དོ་ཡོདཔ་ཨིན་པས།
ཁོ་ར་ ཆུང་ཀུའི་བསྒང་ མཆོད་རྟེན་སྐོར་ར་རྐྱབ་པའི་སྐབས་ བུམོ་ཆུང་ཀུ་ཚུ་འོངམ་ད་ ལགཔ་བཟུང་སྟེ་ སྐོར་ར་རྐྱབ་ནི་ཡོད་ཟེར་བཤད་པའི་ཁར་ འཕྲལ་འཕྲལ་སྐབས་ བུམོ་ཚུ་དཀྲོག་སྟེ་ མཆོད་རྟེན་གྱི་ས་ཁོངས་ནང་ ཆུ་ཚོད་ལས་བཅད་དེ་ སྡོད་ནི་ཡོད་ཟེར་ཨིན་པས།
ཡོངས་གྲགས་ཅན་གྱི་ མཆོད་རྟེན་སྐོར་རའི་ ཞབས་ཁྲ་འཐེན་ཡི་ར་ མཆོད་རྟེན་སྐོར་ར་རྐྱབ་པར་འོང་མི་བུམོ་ཚུ་ དཀྲོགས་པའི་སྣང་བ་ཚུ་ བཤད་པའི་ཁར་ དེ་བསྒང་ ཁོ་གི་ཆ་རོགས་མང་ཤོས་ཅིག་གིས་ བུམོ་ཚུ་དང་གཅིག་ཁར་ དགའ་མཐུན་བྱུང་སྟེ་ གཉེན་ཡང་རྐྱབ་མི་ ལེ་ཤ་ཡོད་ཟེར་བཤདཔ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཆོད་རྟེན་སྐོར་ར་རྐྱབ་མི་ཚུ་གི་བར་ན་ འཕྲལ་འཕྲལ་ར་ འཐབ་འཛིང་འབད་ནི་ཡོདཔ་ལས་ གཙང་ཆུ་དེ་གི་མིང་ལུ་ཡང་ ཤར་ཕྱོགས་པའི་ཁ་སྐད་ནང་ ཁོ་ལོང་ཟེར་ སླབ་ནི་ཡོདཔ་ལས་ གཙང་ཆུའི་མིང་ཡང་ ཁོ་ལོང་ཆུ་ཟེར་བཏགས་ནུག་ཟེར་ཨིན་པས།
དཀོན་མཆོག་ཚེ་རིང་གིས་ མཆོད་རྟེན་ནང་ ཉིན་བསྟར་བཞིན་དུ་འགྱོ་ནི་དེ་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་གི་ཧེ་མ་ལས་ འགོ་བཙུགས་ཡོདཔ་ད་ མཆོད་རྟེན་ནང་ ཧེ་མའི་ ཆ་རོགས་ཚུ་དང་ཕྱདཔ་མ་ཚད་ མི་གསརཔ་ཚུ་ཡང་ འཕྱད་ནི་འདུག་ཟེར་ བཤདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *