མཆོད་རྟེན་ཚུ་ ཉེན་སྐྱོབ་ཀྱི་ ཐབས་ལམ་ གཞན་ཡོདཔ་ཨིན་ན?

༉ འབྲུག་འདི་ནང་པའི་ཆོས་ལྡན་གྱི་ རྒྱལ་ཁབ་ཟེར་ འཛམ་གླིང་ནང་ སྙན་གྲགས་ཐོན་ཏེ་ཡོད་མི་དེ་ཡང་ འབྲུག་གི་སྲོལ་རྒྱུན་གྱི་ཆོས་འདི་ ཆོས་ལུགས་གཞན་བཟུམ་སྦེ་མེན་པར་ ཞི་བདེ་དང་ འཚེ་མེད་ སྙིང་རྗེ་ བཟོན་པའི་གཞི་རྩ་དང་ ཁྱད་ཆོས་ལུ་ གཙོ་བོར་བཟུང་སྟེ་ འཛིང་སྐྱོང་སྤེལ་གསུམ་འབད་བཞིན་དུ་ཡོདཔ་ཨིན།

གཞུང་དགེ་འདུན་གྲྭ་ཚང་གིས་ དབུ་གཙོས་པའི་ ཆོས་སྡེ་ཁག་ཚུ་གིས་ཡང་ ས་གནས་ཐདམ་ཐད་ཁ་ལས་ཕར་ སྐུ་མཆོད་འབུམ་སྡེ་་དང་ ལོ་བསྟར་སྨོན་ལམ་ཆེན་མོ་ བཛྲ་གུ་རུ་དུང་སྒྲུབ་ མ་ཎི་དུང་སྒྲུབ་ལ་སོགས་པ་ གནང་བཞིན་དུ་ཡོད་པའི་ཁར་ གྲྭ་ཚང་དང་ དགེ་འདུན་སློབ་གྲྭ་ བཤད་གྲྭ་ཚུ་ གསར་བཙུགས་གནང་ཐོག་ལས་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ མི་ཉམས་གོང་འཕེལ་བཏང་མི་ལུ་བརྟེན་ཨིན།

དེ་མ་ཚད་ འབྲུག་འདི་ སྔོན་བྱོན་རྒྱལ་བ་གོངམ་དང་ བླ་ཆེན་དམ་པ་ཚུ་གིས་ བཞེངས་གནང་མི་ བྱིན་རླབས་ཅན་གྱི་ རྫོང་གཞིས་དང་ གཙུག་ལག་ཁང་ དགོན་སྡེ་ དྲན་རྟེན་རྩ་ཅན་ཚུ་གིས་ཕྱུག་པའི་ རྒྱལ་ཁབ་ཅིག་ཨིནམ་ལས་ སངས་རྒྱས་ཀྱི་ བསྟན་པ་སྒྲིང་སྒྲི་དང་ ལམ་སྲོལ་བཟང་པོ་ཉམས་མེད་ཐོག་ གནས་ཏེ་ཡོདཔ་ཨིན།

ཨིན་རུང་ ཆོས་ཟབ་སར་བདུད་ཟབ་ཟེར་ དཔྱེ་གཏམ་སླབ་སྲོལ་ཡོདཔ་བཟུམ་སྦེ་ སྤྱི་ལོ་༡༩༨༧ དེ་ཅིག་ལས་ཚུར་ གཏི་མུག་དང་ འདོད་པ་ལུ་ ཤུགས་ཆེ་མི་ཚུ་གིས་ སངས་རྒྱས་གྱི་ བསྟན་པ་ལུ་ གནོདཔ་བཀལ་ཡོདཔ་མ་ཚད་ རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཚུ་ ཨར་རྐུན་འབད་མི་ལུ་བརྟེན་ འབྲུག་མི་ཡོངས་ལུ་ ཚ་གྱང་ཅན་གྱི་ གནད་དོན་ཅིག་ལུ་གྱུར་ཏེ་ཡོད།

འདས་པའི་ལོ་ངོ་༣༠ གི་རིང་ལུ་ བྱ་ངན་འབད་མི་ཚུ་གིས་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ མཆོད་རྟེན་༤,༠༠༠ དེ་ཅིག་ གཤོར་བཤིག་བཏང་སྟེ་ ནང་གཟུངས་ཚུ་ བཏོན་འབག་ནུག།།

མི་ངན་ཚུ་གིས་ གཞུང་དང་ སྒེར་གྱི་མཆོད་རྟེན་གཏོར་བཤིག་བཏང་མི་༡,༠༠༠ དེ་ཅིག་ ནང་རྟེན་དང་བཅསཔ་སྦེ་ ཉམས་གསོ་ཞུ་ཚར་མི་ཚུ་ཡང་ ནན་བསྐྱར་དུ་ གཏོར་བཤིག་བཏང་ཡོདཔ་ད་ འདི་བཟུམ་མའི་ བྱ་ངན་འབད་མི་ མང་ཤོས་ར་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ ཁྲིམས་འདུན་ཚུ་ལས་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ གཞུང་སྒེར་གྱི་ ལྷ་ཁང་དང་ མཆོད་རྟེན་ཚུ་ལས་ རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཚུ་ ཨར་རྐུན་འབད་བའི་ ཉེས་ཁྲིམས་ཚེ་བཙོན་བཀལཝ་ཨིན་རུང་ དེ་ལུ་ འཇིགས་སྣང་དང་ འཚེར་སྣང་བསྐྱེད་ནི་ཕར་བཞག་ མཆོད་རྟེན་སློངས་མིའི་གྱངས་ཁ་ ཡར་འཕར་འགྱོཝ་མས།

འགག་སྡེའི་ཁ་ཐུག་ལས་འབད་རུང་ སྐུ་གསུང་ཐུགས་རྟེན་ལུ་ གནོདཔ་བཀལ་མི་ མར་ཕབ་འབད་ཐབས་ལུ་ ལྷ་ཁང་དང་ མཆོད་རྟེན་ཡོད་སར་ པར་ཆས་སི་སི་ཊི་བི་ཚུ་ གཞི་བཙུགས་འབད་ནི་གི་ ཐབས་ལམ་བཏོན་ཡོདཔ་མ་ཚད་ དམིགས་བསལ་གྱི་ ཞིབ་དཔྱད་སྡེ་ཚན་ཡང་ གཞི་བཙུགས་འབད་དེ་ཡོད་རུང་ བྱ་ངན་བཀག་ནི་ལུ་ ལྷན་ཐབས་སྦོམ་ཅིག་ བྱུང་མ་ཚུགས་པས།

འཕྲལ་ཁམས་ཅིག་ཁར་ ཁྲིམས་སྲུང་འགག་སྡེའི་ཧོངས་ལས་ མཆོད་རྟེན་སློང་ནི་ལས་ བཀག་ཐབས་ལུ་ མཆོད་རྟེན་གྱི་ནང་ན་ མོ་བཏབ་ཀྱི་དོན་ལུ་ ཚོར་འཕྲུལ་བཙུགས་མི་དེ་ ཐབས་ལམ་གསརཔ་ཅིག་ཨིན་མས།

དེ་ཡང་ རྒྱལ་ཁབ་ནང་ རྫོང་ཁག་ཚུ་གི་གྲས་ལས་ མཆོད་རྟེན་གཏོར་བཤིག་གི་ གནད་དོན་ཁྱབ་ཤུགས་ཆེ་དྲགས་ཡོད་མི་ མོང་སྒར་ལུ་ བྱ་རུང་ཁ་ཤོར་མཆོད་རྟེན་ནང་ ཚོར་འཕྲུལ་བཙུགས་ཡོདཔ་ད་ གལ་སྲིད་ བྱ་ངན་འཐབ་མི་ཚུ་གིས་ མཆོད་རྟེན་གུ་ ལགཔ་འདོགསཔ་ཅིག་ ཚོར་འཕྲུལ་ནང་ལས་ སེམས་ཅན་གྱི་སྐད་ཚུ་ རྐྱབ་ནི་ཨིནམ་ལས་ ཉེ་འདབས་ལུ་ སྡོད་མི་ཚུ་ལུ་ ཤེས་ཚོར་འབྱུང་ནི་ཨིན་མས།

མོ་བཏབ་ལས་འགུལ་དེ་ མཐར་འཁྱོལ་བྱུང་པ་ཅིན་ ཚོར་འཕྲུལ་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ རྒེད་འོག་ཚུ་ལུ་ མཁོ་སྒྲུབ་འབད་བཅུག་སྟེ་ མཆོད་རྟེན་ཚུ་ནང་ བཙུགས་བཅུག་དགོ།

ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ རྒྱལ་ཁབ་ཀྱི་ ནང་རྟེན་དང་ དྲན་རྟེན་ཚུ་ ཉེན་སྐྱོབ་འབད་ནིའི་དོན་ལུ་ པར་ཆས་སི་སི་ཊི་བི་དང་ ཚོར་འཕྲུལ་ལ་སོགས་པ་ གཞི་བཙུགས་འབད་ནི་གི་ ཐབས་ཤེས་བཏོནམ་དང་གཅིག་ཁར་ མི་མང་གི་ ཁ་ཐུག་ལས་ཡང་ རྒྱབ་སྐྱོར་དང་ མཉམ་འབྲེལ་གང་དྲག་འབད་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *