༉ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་སློབ་གྲྭའི་ལུས་རྩལ་འགྲན་བསྡུར་དེ་ འདས་པའི་བདུན་མཐའ་ལུ་ མཇུག་བསྡུ་ཡོདཔ་བཞིན་དུ་ སློབ་ཕྲུག་༢ ཀྱིས་ ཧའེ་ཇམཔི་ཟེར་མི་ མཆོངས་འགྲན་ནང་ རྒྱལ་ཡོངས་ཀྱི་གནས་ཐོ་གསརཔ་ བཟོ་ཡོདཔ་ཨིན་པས།
དེ་ཡང་ ལྷུན་རྩེ་སློབ་གྲྭ་ཆེ་བའི་ནང་ལས་ འཆི་མེད་དབང་མོ་གིས་ ཨམ་སྲུའི་མཆོངས་འགྲན་ནང་ མཐོ་ཚད་མི་ཊར་༡.༣༩ མཆོངས་ཏེ་ སྤྱི་ལོ་༢༠༡༦ ལུ་ ཐིམ་ཕུག་ཁྲོམ་སྡེ་ནང་ལས་ ཟླ་བ་དཔལ་སྒྲོན་གྱིས་ བཟོ་ཡོད་མི་གནས་ཐོ་ མི་ཊར་༡.༣༦ དེ་ ཕམ་བཏང་སྟེ་ རྒྱལ་ཡོངས་ཀྱི་གནས་ཐོ་གསརཔ་ བཟོ་ནུག།
ད་རུང་ ཐིམ་ཕུག་ཁྲོམ་སྡེ་ལས་ བསོད་ནམས་དབང་ཕྱུག་གིས་ ཕོ་སྐྱེས་ཀྱི་ མཆོངས་འགྲན་ནང་ མཐོ་ཚད་མི་ཊར་༡.༨༠ མཆོངས་ཏེ་ མི་ཕམ་འོད་ཟེར་གུ་རུང་གིས་ སྤྱི་ལོ་༢༠༡༦ ལུ་བཟོ་ཡོད་མི་ མི་ཊར་༡.༧༨ ལས་མཐོ་སྟེ་ རྒྱལ་ཡོངས་ཀྱི་གནས་ཐོ་གསརཔ་ བཟོ་ནུག།
ཨམ་སྲུའི་ཊི་པཱལ་ཇམཔི་མཆོངས་འགྲན་དང་ ཕོ་སྐྱེས་དང་ཨམ་སྲུའི་ མི་ཊར་༢༠༠ གི་ བང་རྒྱུག་ལས་རིམ་དང་ ཕོ་སྐྱེས་ཀྱི་ མཆོངས་འགྲན་ཚུ་ནང་ སྤུ་ན་ཁ་སློབ་གྲྭ་ཆེ་བའི་ སློབ་ཕྲུག་ཚུ་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
སྤུ་ན་ཁ་ལས་ ལུས་རྩལ་སློབ་སྟོན་པ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་གྲྭའི་གྲུབ་འབྲས་ལེགས་ཐོན་ བྱུང་མི་དེ་ སློབ་གྲྭ་ནང་ སློབ་སྟོན་འབད་མི་ ལུས་རྩལ་ནང་ ལོ་ངོ་༢༠ ལྷགཔ་ཅིག་གི་ ཉམས་མྱོང་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
འགྲན་བསྡུར་ཚུ་གི་གྲས་ལས་ བཀྲ་ཤིས་སྒང་ལས་ བསོད་ནམས་རྡོ་རྗེ་དང་ སྤུ་ན་ཁ་ལས་ རྡོ་རྗེ་ཚེ་རིང་༢ ཀྱི་བར་ན་ དོ་འགྲན་བྱུང་ཡོདཔ་ད་ དེ་ཡང་ རྡོ་རྗེ་ཚེ་རིང་གིས་ མི་ཊར་༢༠༠ གི་ སྦང་རྒྱུག་འགྲན་བསྡུར་གྱི་ མཐའ་བཅད་མི་ཊར་༣༠ ནང་ལྷོདཔ་ད་ བསོད་ནམས་རྡོ་རྗེ་ བཀོག་བཞག་སྟེ་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ ཆོས་རྒྱུགས་མཇུག་བསྡུཝ་ཅིག་ དོ་འགྲན་འབད་བར་འོང་ཡོདཔ་ད་ གྲ་སྒྲིག་འབད་ནིའི་ དུས་ཚོད་མ་འཐོབ་ཟེར་ཨིན་པས།
འདས་པའི་ལོ་༧ གྱི་ནང་འཁོད་ལུ་ རྟགས་མ་༡༥ དེ་ཅིག་ཐོབ་པའི་ཁར་ རྒྱལ་སྤྱི་དང་ལུང་ཕྱོགས་ཀྱི་ འགྲན་བསྡུར་ཚུ་ནང་ཡང་ བཅའ་མར་གཏོགས་པའི་ནང་ལས་ མི་ཊར་༢༠༠ བང་རྒྱུག་ལས་རིམ་ནང་ ཨང་དང་པའི་ གསེར་གྱི་རྟགས་མ་ཐོབ་མི་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ད་རེས་ ཁོ་དང་གཅིག་ཁར་ དོ་འགྲན་འབད་མི་ཚུ་ གྲ་སྒྲིག་འབད་འོང་ནི་དེ་གིས་ ས་ཀྲག་འདུག་ཟེར་ཨིན་པས།
འགྲན་བསྡུར་དེ་ནང་ ལམ་རིམ་ཁག་༡༣ དེ་ཅིག་ཡོད་ས་ལས་ མང་ཤོས་ཐིམ་ཕུག་ཁྲོམ་སྡེ་དང་ སྤུ་ན་ཁ་གིས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་ཡོདཔ་ད་ སྤུ་ན་ཁ་དང་ ཐིམ་ཕུག་གིས་ མཐའ་བཅད་འགྲན་བསྡུར་༩ རེ་ རྒྱལ་ཁ་ཐོབ་ཡོདཔ་ད་ ཀྲོང་གསར་གྱིས་༥ དང་ ཐིམ་ཕུག་རྫོང་ཁག་གིས་༤ རྒྱལ་ཁ་ཐོབ་ནུག།
མགར་ས་དང་ བུམ་ཐང་ མོང་སྒར་ བསམ་གྲུབ་ལྗོངས་མཁར་ དབང་འདུས་ གསར་སྤང་ གཞལམ་སྒང་ དེ་ལས་ བཀྲ་ཤིས་གཡང་རྩེ་གིས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་མ་ཚུགས་པས།
དུས་ཅི་ སྤྱི་ཟླ་༧ པའི་ཚེས་༣ ལས་འགོ་བཙུགས་མི་ རྒྱལ་ཡོངས་སློབ་གྲྭའི་ ལུས་རྩལ་འགྲན་བསྡུར་དེ་ ཐེངས་༡༥ པ་ཨིནམ་ད་ ལས་རིམ་དེ་ནང་ རྒྱལ་ཁབ་ནང་ལས་ སློབ་ཕྲུག་བསྡོམས་༤༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་ གནས་ཚུལ།
ཚེ་རིང་རྣམ་རྒྱལ།