མངོན་མཐོ་ཁྲིམས་འདུན་ལུ་ དངུལ་འབྲེལ་མཐུན་རྐྱེན་གྱི་ དོན་འགྲེལ་གནང་དགོ་པའི་ ཞུ་བ་འབད་ནི།

༉ མ་གཞི་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ ཏི་རུ་གི་ དཔྱད་ཡིག་སྦེ་ རྩིས་འཇོག་ཐོག་ བཅའ་ཁྲིམས་ལུ་ བསྒྱུར་ཚར་ཡོད་རུང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཚོགས་དཔོན་ལུ་ མངོན་མཐོ་ཁྲིམས་འདུན་ལས་ སྤྱི་ཟླ་༥ པའི་ཚེས་༨ ཀྱི་ཧེ་མ་ བྱིན་ཚར་མི་ དངུལ་འབྲེལ་མཐུན་རྐྱེན་གྱི་ དོན་འགྲེལ་གནང་དགོ་པའི་ ཞུ་བ་ཕུལ་དགོཔ་སྦེ་ ཞུ་སྟེ་ཡོདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱིས་ འབྲུག་གི་འོང་འབབ་བཅའ་ཁྲིམས་༢༠༠༡ དང་ འབྲུག་གི་བཙོང་ཁྲལ་དང་ ཅ་དམ་ ནང་ཁྲལ་བཅའ་ཁྲིམས་༢༠༠༠ དེ་ལས་ ཅ་དམ་བཅའ་ཁྲིམས་༢༠༡༧ ཅན་མ་ཚུ་ འཕྲི་སྣོན་འབད་ནིའི་དོན་ལུ་ སྤྱི་ཚོགས་ཀྱི་ ཚོགས་ཐེངས་༡༠ པའི་ནང་ འཕྲལ་མཁོ་ཅན་གྱི་ དཔྱད་ཡིག་སྦེ་ བཙུགས་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་ཚུ་ གནང་མི་དེ་ ཧེ་མ་ལས་ ལག་ལེན་འཐབ་མི་ སྲོལ་ཁྱུན་དང་བསྟུན་ཨིན་ཟེར་ བཤདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ བཀོད་མིའི་ནང་ དངུལ་འབྲེལ་མཐུན་རྐྱེན་༢༠༡༧ ཅན་མ་དེ་ ཏི་རུ་གི་ དཔྱད་ཡིག་སྦེ་ ཚོགས་ཁང་ནང་ ངོ་སྤྲོད་འབད་མི་དེ་གིས་ སྤྱི་ཚོགས་ཀྱིས་ གནད་དོན་དེ་ལུ་ རྩོད་བསྡུར་དང་ ཐག་བཏོག་ནི་གི་ ལམ་བཟང་ཡི་ཟེར་ཨིན་པས།
དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་གཟིགས་ཏེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཐག་ག་ཅི་ར་བཅད་རུང་ ཁྲིམས་ཡིག་ཆ་མཉམ་དང་གཅིག་ཁར་ ཆ་མཐུན་ཡོདཔ་ ངེས་བརྟན་བཟོ་ཐབས་ལུ་ ཏི་རུ་གི་དཔྱད་ཡིག་སྦེ་ བཙུགས་ཐོག་ལས་ ངོས་ལེན་འབད་ནི་སྦེ་ གྲོས་ཐག་བཅད་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
འདི་བཟུམ་མའི་ གྲོས་ཆོད་ལུ་བརྟེན་ སྒེར་སྡེ་གོང་འཕེལ་ལུ་ འོས་འབབ་ཡོད་པའི་ སྡེ་ཚན་གཙོ་རིམ་ཚུ་ནང་ དངུལ་འབྲེལ་མཐུན་རྐྱེན་མཁོ་སྤྲོད་འབད་ཚུགསཔ་ བཟོ་ནི་དང་འབྲེལ་ རང་དོན་དང་ སྲིད་བྱུས་ཀྱི་ ངན་ལྷད་འབྱུང་ཉེན་ཡོད་མི་ཚུ་ རྩ་མེད་གཏང་ཚུགས་པའི་ རེ་བ་ཡོད་ཟེར་བཀོད་ནུག།
མངོན་མཐོ་ཁྲིམས་འདུན་གྱིས་ རྩ་ཁྲིམས་དང་འབྲེལ་བའི་ རྩོད་གཞི་དང་པའི་ འཁྲུན་ཆོད་ནང་ ཁྲལ་བསྒྱུར་བཅོས་དང་ ཏི་རུ་གི་ དཔྱད་ཡིག་ཚུ་གི་ཐད་ཁར་ སྤྱི་ཚོགས་ནང་ལས་མ་གཏོགས་ གཞུང་ལུ་ དབང་ཚད་མེད་ལུགས་སྐོར་ དྭངས་གསལ་བཟོ་ཡོད་རུང་ གཞུང་གིས་ བཙོང་ཁྲལ་དང་ འོང་འབབ་ཁྲལ་ ཅ་དམ་དང་ ནང་ཁྲལ་ཚུ་ དགོངས་ཡངས་གནང་ནི་གི་ ཁེ་དབང་ཡོད་པའི་སྐོར་ ཁྲིམས་ཡིག་ཚུ་ནང་ བསྒྱར་བཅོས་ག་ནི་ཡང་མེདཔ་སྦེ་ཡོད་ཟེར་ཨིན་པས།
དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲིམས་ཡིག་མང་ཤོས་ར་ རྩ་ཁྲིམས་ཆེན་མོ་ ཆ་འཇོག་མ་གནང་པའི་ ཧེ་མ་ལས་ཡོད་མི་ཚུ་ཨིནམ་ལས་ གཞུང་གིས་ ཁྲིམས་ཡིག་དེ་ཚུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ཆ་མཐུན་བཟོ་དགོཔ་ཡོད་པའི་ མཐོང་གསལ་བྱུང་ནུག་ཟེར་ཨིན་པས།
དངུལ་རྩིས་དྲུང་ཆེན་གྱིས་འབད་བ་ཅིན་ འཕྲི་སྣོན་འབད་དགོ་མི་ བཅའ་ཁྲིམས་༣ ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ད་ལྟོ་ཡང་ ཏི་རུ་གི་ དཔྱད་ཡིག་གསར་བརྩམས་ཐོག་ལས་ བཙུགས་ནི་མིན་འདུག་ཟེར་ཨིནམ་ད་ དཔྱད་ཡིག་གསརཔ་བཟོ་བ་ཅིན་ གཞུང་གིས་ མི་མང་གི་མཐའ་དོན་ལུ་ དགོངས་ཡངས་ཚུ་ གནང་ཚུགས་ཟེར་ཨིན་པས།
ནང་ཁྲལ་བཅའ་ཁྲིམས་ཀྱི་ བམ་ཚན་༣ པའི་དོན་ཚན་༨ པ་དང་ བམ་ཚན་དང་པའི་དོན་ཚན་༣ པ་ དོན་ཚན་༩ དེ་ལས་ བམ་ཚན་༢ པའི་དགོངས་དོན་ཚུ་དང་འཁྲིལ་བ་ཅིན་ དངུལ་རྩིས་ལྷན་ཁག་གིས་ མི་མང་གི་ མཐའ་དོན་དང་ དོན་སྨིན་ཅན་གྱི་ གནད་དོན་ཚུ་ཡོད་པ་ཅིན་ ཁྲལ་དགོངས་ཡངས་ཚུ་ གནང་ཆོགཔ་སྦེ་ ཡོདཔ་ཨིན་པས།
ཅ་དམ་བཅའ་ཁྲིམས་༢༠༡༧ ཅན་མའི་ནང་ཡང་ མི་ངོ་ཅིག་ལུ་ ལྷན་ཁག་གིས་ ཅ་དམ་ཁྲལ་དགོངས་ཡངས་བྱིན་ཆོགཔ་སྦེ་ཡོདཔ་དང་ དེ་ཡང་ རྒྱལ་སྤྱིའི་བཅའ་ཁྲིམས་དང་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་ཡོད་མི་ བཅའ་ཁྲིམས་ཚུ་དང་འཁྲིལ་ འབད་ཆོག་ཟེར་ཡོདཔ་ཨིན་པས།
དོན་ཚན་དེ་ཚུ་གིས་ ཁྲིམས་ལུགས་སོ་སོར་བཟོ་ནི་ཨིནམ་ལས་ གཞུང་ལུ་ དགོངས་ཡངས་གནང་ནིའི་ དབང་ཆ་བྱིནམ་མ་ཚད་ དཔེར་ན་ གཞུང་འཁོར་ཅིག་ ནང་འདྲེན་འབད་ནིའི་དོན་ལུ་ དོན་ཚན་དེ་ཚུ་མེད་པ་ཅིན་ སྤྱི་ཚོགས་ཀྱིས་ བར་འབྲེལ་འབད་དགོཔ་འཐོན་འོང་ཟེར་ཨིན་པས།
འདས་པའི་ཚོགས་ཐེངས་སྐབས་ ཚོགས་དཔོན་གྱིས་ གནད་དོན་དེ་གི་ ཉོགས་སེལ་འབད་ནིའི་དོན་ལུ་ མངོན་མཐོ་ཁྲིམས་འདུན་ལུ་ དོན་འགྲེལ་གྱི་ གྲོགས་རམ་ལེན་ནི་ཟེར་ བཤད་ཡོདཔ་ཨིན་རུང་ རྩ་ཁྲིམས་དང་འཁྲིལཝ་ད་ ཁྲིམས་ ཡང་ཅིན་ དོན་ཁུངས་ཀྱི་ དོགས་གཞི་ཅིག་གི་ གནས་ལུགས་དང་ དེ་བཟུམ་སྤྱི་གལ་ཆེ་བའི་སྐོར་ མངོན་མཐོ་ཁྲིམས་འདུན་ལས་ ཕན་རླབས་ཆེ་བའི་ བསམ་འཆར་བཞེས་དགོཔ་ཐོན་ཚེ་ འབྲུག་རྒྱལ་པོ་མཆོག་གི་ དེ་ལུགས་ཀྱི་ དོགས་གཞི་གཟིགས་ཞིབ་དོན་ལུ་ མངོན་མཐོ་ཁྲིམས་འདུན་ལུ་ གནང་ཆོགཔ་དང་ ཁྲིམས་འདུན་དེ་གིས་ བཀའ་ལུང་དེ་ སྙན་གསན་གྲུབ་ཞིནམ་ལས་ འབྲུག་རྒྱལ་པོ་མཆོག་ལུ་ བསམ་འཆར་ཕུལ་དགོཔ་ཨིན་པས།
མངོན་མཐོ་དང་ ཆེ་མཐོ་ཁྲིམས་འདུན་གྱིས་ དོགས་སེལ་ཚུ་ འབད་ཆོག་པའི་ བཀའ་གྲོལ་གྱི་ གནང་བ་ཡང་ རྩ་ཁྲིམས་ནང་བཀོད་དེ་ཡོདཔ་དང་ འདས་པའི་དངུལ་འབྲེལ་མཐུན་རྐྱེན་ཚུ་གི་གྲས་ལས་ དངུལ་རྩིས་ལྷན་ཁག་གིས་ སྤྱི་ལོ་༢༠༠༢ ལུ་ སྒེར་སྡེ་གོང་འཕེལ་གཏང་ནི་ལུ་ སེམས་ཤུགས་བསྐྱེད་ནི་དང་ ལཱ་གཡོག་གི་ གོ་སྐབས་བཟོ་ཐབས་ལུ་དམིགས་ཏེ་ ཁྲལ་གྱི་མཐུན་རྐྱེན་སྦེ་ བྱིན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༣ ཟླ་༡ པ་ལས་ སྤྱི་ལོ་༢༠༠༧ ཟླ་༦ པ་ཚུན་གྱི་བར་ན་ཡང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཁྲལ་གྱི་དགོངས་ཡངས་ཚུ་གནང་ཡོདཔ་མ་ཚད་ གཞན་ཡང་ འཕྲུལ་རིག་དང་ སྔོ་ཤིང་ཚུ་ལུ་ཡང་ དགོངས་ཡངས་བྱིན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལས་༢༠༡༥ འི་བར་ན་ དངུལ་འབྲེལ་མཐུན་རྐྱེན་ དངུལ་ཀྲམ་ཐེར་འབུམ་༤.༩ དེ་ཅིག་ བྱིན་ཡོདཔ་དང་ གཞན་ཡང་ སྤྱི་ལོ་༢༠༡༣ ཟླ་༤ པ་ལས་ སྤྱི་ལོ་༢༠༡༥ ཟླ་༡༢ པ་ཚུན་གྱི་བར་ན་ ཟ་ཁང་ཚུ་གི་དོན་ལུ་ དགོངས་ཡངས་བྱིན་མི་ཚུ་བརྩིས་ཏེ་ཨིན་པས།
སྤྱི་ལོ་༢༠༡༦ ལས་ དུས་ཅི་ སྤྱི་ཟླ་༥ པ་ཚུན་གྱི་བར་ན་ བཙོང་ཁྲལ་དང་ ཅ་དམ་ཁྲལ་ འཕྲུལ་རིག་ སྔོ་ཤིང་ རྒྱུ་དངོས་ལ་སོགས་པའི་དོན་ལུ་ ཁྲལ་དགོངས་ཡངས་བྱིན་མི་དེ་ དངུལ་ཀྲམ་ཐེར་འབུམ་༡.༡༠ དེ་ཅིག་གི་རྩིས་ཨིན་པས།
ཨིན་རུང་ ཟ་ཁང་༧༦ གིས་ བཙོང་ཁྲལ་དང་ ཁྲལ་གཞན་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༥༨༡ དེ་ཅིག་ གཞུང་ལུ་ བཙུགས་ཡོདཔ་ད་ ཐད་ཀར་ཁྲལ་ནང་ཚུད་མི་ལས་ ཁྲལ་བཏབ་མི་༡༡༦ ལུ་ ཁྲལ་དགོངས་ཡངས་ཐོབ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༥ འི་གནས་སྡུད་དང་འཁྲིལཝ་ད་ ལཱ་གཡོག་གི་ས་སྟོངས་༥༦༤༩ དེ་ཅིག་ བཟོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *