མངོན་མཐོ་ཁྲིམས་འདུན་གྱིས་ བདེ་སྲུང་སྦྱོང་བརྡར་གྱི་ མ་དངུལ་ལོག་སྤྱོད་འབད་བའི་ ཐོག་མའི་སྙན་གསན།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བདེ་སྲུང་གི་ མ་དངུལ་ལོག་སྤྱོད་ནང་ འབྲེལ་གནད་ཅན་གྱི་རྩོད་བཤེར་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ལས་ ཁ་ཙ་ ཐོག་མའི་བརྗོད་དོན་གྱི་ སྙན་གསན་གནང་ནི་ འགོ་བཙུགས་ཅི།
རྩོད་བཤེར་ནང་འབྲེལ་གནད་ཅན་ རིག་འཛིན་ཡེ་ཤེས་དང་ བཟོད་པ་༢ ཀྱི་ སྙན་གསན་འབད་བའི་སྐབས་ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་གྲོལ་བཏང་མི་དེ་ ཆ་མེད་བཏང་ཐོག་ལས་ དམག་སྡེ་ལྟེ་བའི་ ཁྲིམས་འདུན་གྱི་ འཁྲུན་ཆོད་ལྟར་ ངོས་ལེན་མཛད་དགོ་པའི་ ཞུ་བ་འབད་ཡི།
དེ་མ་ཚད་ ཁོང་༢ ལུ་ གཞུང་དངུལ་ལོག་སྤྱོད་འབད་མི་ཚུ་ གཞུང་ལུ་ སོར་ཆུད་འབད་བཅུག་དགོ་པའི་ ཞུ་བ་འབད་ཡི།
ཁོང་༢ ལུ་ བདེ་སྲུང་ཤོ་ཐེངས་༥ པ་དང་༡༠ པའི་སྐབས་ མ་དངུལ་ལོག་སྤྱོད་དང་འབྲེལ་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཁོང་གཉིས་ཀྱི་ རྩོད་གཞི་དེ་ ཆེ་མཐོ་ཁྲིམས་འདུན་ལུ་ལྷོད་དེ་ ཉེས་གྲོལ་གྱི་ འཁྲུན་ཆོད་གནང་པའི་ཤུལ་ལས་ བསྟན་སྲུང་དྲག་པོའི་དམག་སྡེ་གིས་ མཐོ་གཏུགས་མ་འབད་བར་བཞག་མི་ལུ་ ལྷན་ཚོགས་ཀྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབདཝ་ད་ ཕྱིར་འབུད་གནང་ཡོདཔ་ལས་ ལྷན་ཚོགས་ཀྱིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་ ཁ་ཙ་ སྙན་གསན་འབད་བའི་སྐབས་ ལྷན་ཚོགས་དེ་ རྩོད་བཤེར་གྱི་ ཐད་ཁར་ རྩ་ཕན་མེན་རུང་ དྲག་པོའི་ཁྲིམས་འདུན་གྱིས་ མཐོ་གཏུགས་འབད་དགོ་པའི་ ར་ཁུངས་ཡོད་རུང་ འགན་འཁྲི་འབག་མ་བཏུབ་ལས་ ལྷན་ཚོགས་ལུ་ རྩ་ཁྲིམས་ཀྱི་ འགན་ཁུར་ཡོད་མི་ལུ་བརྟེན་ ཁེ་ཕན་གྱི་རྩ་ཕན་ཨིནམ་བཞིན་དུ་ དྲག་པོའི་ཁྲིམས་འདུན་གྱི་ ངོ་ཚབ་སྦེ་འགན་ཁུར་འབག་སྟེ་ མཐོ་གཏུགས་འབད་ཡི་ཟེར་ ཞུ་ཡི།
དེ་ཡང་ རྩོད་བཤེར་ནང་ ཉེས་འཛུགས་འབད་མི་ ལེ་ཤ་ཡོད་པའི་གྲས་ལས་ ཁ་ཙ་ རིག་འཛིན་ཡེ་ཤེས་དང་ བཟོད་པ་༢ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་གྲོལ་བཏང་མི་དེ་ལུ་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ གྲངས་མང་ལུ་ མཐོ་གཏུགས་འབད་བའི་སྐབས་ དེ་ཚེ་ར་ ཁྲིམས་སྤྱི་གིས་ ཕྱིར་འབུད་བཏང་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ ཞུ་ཡི།
གྲངས་མང་ཁྲིམས་ཁྲི་གིས་ ལྷན་ཚོགས་དེ་ རྩོད་བཤེར་དེ་ནང་ ཞིབ་དཔྱད་པ་མ་གཏོགས་ མཐོ་གཏུགས་པ་མེན་པས་ཟེར་ ཕྱིར་འབུད་ཀྱི་ གནད་དོན་བཀོད་མི་ལུ་ ལྷན་ཚོགས་ཀྱིས་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ ཁྲིམས་དེབ་དོན་ཚན་༡༠༩ པ་དང་འཁྲིལ་ ལོག་སྟེ་ར་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབདཝ་ཨིན་ཟེར་ ཞུ་ཡི།
མཐོ་གཏུགས་དང་པའི་ སྙན་གསན་དེ་ རིག་འཛིན་ཡེ་ཤེས་ཀྱིས་ གཡོ་སྒྱུའི་སྒོ་ལས་ དངུལ་ལྐོག་ཟ་འབདཝ་མེན་པར་ རྩིས་སྙོམས་སྒྲིག་འབད་ནུག་ཟེར་ ཉེས་གྲོལ་བཏང་ཡོདཔ་ཨིན་པས།
མཐོ་གཏུགས་ཀྱི་ ལམ་ལུགས་ནང་ འཁྲུན་ཆོད་གནང་མིའི་ནང་ འཛོལ་བའི་རྣམ་གཞག་ ཡང་ན་ དྲང་ཐིག་སོར་བཞག་གི་ རྣམ་གཞག་ལྟར་ དབྱེ་བཤེར་འབད་དེ་ མེད་པ་ཅིན་ ནོར་བཅོས་འབད་དགོ་པའི་ཁར་ རིག་འཛིན་ཡེ་ཤེས་ལུ་ ཆེ་མཐོ་ཁྲིམས་ཁྲི་༣ པ་གིས་ གནང་མི་འཁྲུན་ཆོད་དེ་ཡང་ ནོར་འཁྲུལ་དང་ མ་འདོད་པའི་རྣམ་གཞག་ཅིག་ ཨིན་མས་ཟེར་ བཀོད་ནུག།
གཞན་ཡང་ མི་མང་སྲིད་བྱུས་ལས་འགལ་བའི་ཁར་ ཧེ་མ་ཡང་ རྒྱལ་པོའི་ཞིང་གི་ ས་ཆའི་རྩོད་བཤེར་ཐོན་སྐབས་ ལྷན་ཚོགས་ཀྱིས་ ཉེས་འདོགས་པའི་ འགན་ཁུར་འབག་སྟེ་ རྩོད་བཤེར་འབད་ཡོདཔ་བཞིན་དུ་ ད་རེས་ཀྱི་ རྩོད་བཤེར་དེ་ཡང་ འདི་དང་གཅིག་མཚུངས་སྦེ་ མཐོ་གཏུགས་འབད་དོ་ཟེར་ ཞུ་ཡི།
རིག་འཛིན་ཡེ་ཤེས་ལུ་ བདེ་སྲུང་ཤོ་ཐེངས་༥ པའི་སྐབས་ དྭངས་ཆུ་ཚོད་བསྲེ་ཚོང་ཁང་དང་ ཇེ་ཌི་སྣ་ཚོགས་ཚོང་ཁང་༢ ལས་ ཤོག་འཛིན་ལེན་འབག་སྟེ་ དངུལ་ཀྲམ་༣༦༩,༥༣༤ གཡོ་སྒྱུའི་ཐོག་ལས་ ལྐོག་ཟ་འབད་ཡོད་པའི་ ཉེས་འཛུགས་འབད་མི་དེ་ ཉེས་གྲོལ་བཏང་ཡོདཔ་ལས་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཨིན་རུང་ ཉེས་ཅན་གྱིས་ མ་དངུལ་དེ་ཚུ་ སྦྱངམ་བྱིང་གུམ་དང་ བཟའ་ཆས་ལ་སོགས་པའི་དོན་ལུ་ ལག་ལེན་འཐབ་པའི་སྐབས་ རྩིས་སྙོམས་སྒྲིག་འབད་ཡོདཔ་སྦེ་ ཞུ་ཡོདཔ་ཨིན་པས།
ཉེས་ཅན་དེ་གིས་ དྭངས་ཆུ་ཚོད་བསྲེ་ཚོང་ཁང་ལས་ དངུལ་ཀྲམ་༡༠༥,༥༡༧༨.༨༠ ལས་ ཟད་སོང་མ་བཏང་རུང་ ཁོ་གིས་ དངུལ་ཀྲམ་༢༡༩,༥༣༤.༢༠ ལྐོག་ཟ་འབད་ཡོད་མི་དེ་ ཁོ་ར་གིས་ ཚོད་བསྲེ་ཚོང་ཁང་ནང་ལས་ཉོ་བའི་སྐབས་ ཟད་འགྲོ་ག་དེམ་ཅིག་ བཏང་ཡོདཔ་ཨིན་ནའི་ རྩིས་ཐོ་ངོ་མ་བཞག་ས་ གློག་ཆས་ ཐཱཡེམ་ཌ་ཡེབ་ནང་ལས་ ཐོབ་ཡོད་རུང་ ཐོག་མའི་ཁྲིམས་འདུན་གྱིས་ སྒྲུབ་བྱེད་དེ་ལུ་ ངོས་ལེན་མ་འབད་བས་ཟེར་ ཞུ་ཡི།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་དང་ ཀར་ན་བྷ་དུར་ཧར་ཀ་གིས་ ཁས་ལེན་ཕྱིར་ལོག་གི་ ངག་བརྗོད་བྱིན་མི་དེ་ལུ་ ངོས་ལེན་འབད་དེ་ འཁྲུན་ཆོད་བཏོན་ནུག་ཟེར་ མཐོ་གཏུགས་ནང་ ཞུ་ནུག།
ཉེས་འཛུགས་ཅན་གྱིས་ བདེ་སྲུང་ཤོ་ཐེངས་༡༠ པའི་སྐབས་ གླེ་མོ་ཚོང་ཁང་ནང་ལས་ཤོག་འཛིན་ལེན་འབག་སྟེ་ དངུལ་ཀྲམ་༢༥༨,༩༢༥.༩༦ དང་ ཨུ་ཤ་ཤ་ཁང་དང་ དཀར་ནག་ཚོང་ཁང་༢ ནང་ལས་ དངུལ་ཀྲམ་འབུམ་༢ པོ་དེ་ཡང་ ལྐོག་ཟ་འབད་ཡོད་པའི་ ཉེས་འཛུགས་འབད་ཡོད་མི་དེ་ལུ་ ཐོག་མའི་ཁྲིམས་འདུན་གྱིས་ གླེ་མེ་ཚོང་ཁང་ནང་ལས་ དངུལ་ཀྲམ་༢༦༢,༡༦༥.༩༦ དེ་ ལྐོག་ཟ་མེན་པར་ རྩིས་སྙོམས་འབད་ཡོད་པའི་ཁར་ དཀར་ནག་ཚོང་ཁང་དང་ ཨུ་ཤ་ཤ་ཁང་ལས་ དངུལ་ཀྲམ་འབུམ་༢ པོ་དེ་ ཆ་གནས་འབད་ཐབས་མེད་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
དེ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ དངུལ་ཀྲམ་༤༠༠,༤༦༠.༩༦ གནས་པའི་ སྦྱངམ་བྱིང་གུམ་དང་ དངུལ་རྐྱང་གསོལ་རས་ཚུ་གི་དོན་ལུ་ ལག་ལེན་འཐབ་ཡོད་མི་ཚུ་ ཧེ་མ་ལས་ འབད་སྲོལ་འདུག་ཟེར་ ངོས་ལེན་འབད་མི་ལུ་ཡང་ ལྷན་ཚོགས་ཀྱིས་ ཧེ་མ་འབད་བ་ཅིན་ ཆེད་དམིགས་ཀྱི་ ལས་རིམ་དོན་ལུ་ ཟད་འགྲོ་བཏང་ཞིནམ་ལས་ དམག་སྡེ་ལྟེ་བའི་ ཡིག་ཚང་ལུ་ བདེན་དཔྱད་འབད་བར་བཏང་སྟེ་ འབདཝ་ཨིན་རུང་ ཚོང་ཁང་ཚུ་ནང་ལས་ ཤོག་འཛིན་ལེན་ཏེ་ སྙོམས་སྒྲིག་འབད་བའི་ སྲོལ་མེདཔ་ལས་ བསྐྱར་ཞིབ་འབད་དགོཔ་སྦེ་ ཞུ་ཡི།
ཆེ་མཐོ་ཁྲིམས་འདུན་གྱིས་ མ་དངུལ་ཚུ་ ཁོ་རའི་སྒེར་དོན་ལུ་ སྤྱོད་ཡོད་པའི་ ར་ཁུངས་བཀལ་ནི་ མིན་འདུག་ཟེར་ བཀོད་མི་ལུ་ ཉེས་འཛུགས་ཅན་ཁོ་ར་ དངུལ་བདག་འཛིན་འབད་དགོ་པའི་ འགན་ཁུར་ཡོདཔ་ལས་ དངུལ་ཚུ་ ག་ཏེ་ལུ་ར་ ཟད་འགྲོ་བཏང་ཡོདཔ་ཨིན་ན་ཚུ་ གསལ་སྟོན་འབད་དགོཔ་ཨིན་རུང་ ཁོ་གིས་ གསལ་སྟོན་འབད་བའི་ རྟགས་མིན་འདུག་ཟེར་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ དམག་སྡེ་ལྟེ་བའི་ཁྲིམས་འདུན་ལས་བཏོན་མིའི་ འཁྲུན་ཆོད་ཚུ་ ཧྲིལ་པོར་ བསྒྱུར་བཅོས་འབད་ཡོདཔ་ལས་ བསྐྱར་ཞིབ་འབད་དགོ་པའི་ ཞུ་བ་འབད་ཡི།
དེ་མ་ཚད་ གླེ་མོ་ཚོང་ཁང་གི་ ཇོ་བདག་མཆོད་རྟེན་རྡོ་རྗེ་དང་ ཨུ་ཤ་ཤ་ཁང་ ཀརྨ་ཚོང་ཁང་གི་ཇོ་བདག་ དེ་ལས་ ཇེ་ཌི་ཚོང་ཁང་གི་ ཇོ་བདག་ཚུ་གིས་ མཐོ་གཏུགས་མ་འབད་རུང་ འཁྲུན་ཆོད་ཧྲིལ་པོར་བསྒྱུར་བཅོས་འབད་ཡོདཔ་ལས་ བསྐྱར་ཞིབ་འབད་དགོ་པའི་ཞུ་བ་འབད་ཡི།
བཟོད་པ་ལུ་ བདེ་སྲུང་ཤོ་ཐེངས་༥ པའི་སྐབས་ ཀར་ན་བྷ་དུར་ཧར་ཀ་ལས་ དངུལ་ཀྲམ་འབུམ་༡ ཚུལ་མིན་སྤྱོད་པའི་ ཉེས་འཛུགས་འབད་ཡོད་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་གྲོལ་བཏང་ཡོདཔ་ཨིན་པས།
མཐོ་གཏུགས་ཀྱི་ སྙན་གསན་ལྷག་ལུས་ཚུ་ ད་རིས་འཕྲོ་མཐུད་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཕྱི་རྒྱལ་ལུ་འགྱོ་མི་ འབྲུག་མི་ཚུ་ལུ་ གཞུང་གིས་ གྲོགས་རམ་འབད་ནི་མ་གཏོགས་ བཀག་འཛིན་མེདཔ།

༉ འབྲུག་མི་བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་ནི་དང་འབྲེལ་ དཔེ་ཆ་ལྷབ་པར་འགྱོ་མི་དེ་ ནད་ཡམས་ཀོ་བིཌ་-༡༩ ལྷོད་ཡངས་བཏང་པའི་ཤུལ་ལས་ མང་སུ་ཐོན་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ རྒྱལ་ཁབ་ནང་ ཞི་བའི་ཞབས་ཏོག་ཞུ་མི་ སྤུས་ཚད་ཅན་གྱི་མི་ཚུ་ བྱང་དོ་ཡོད་པའི་ཚ་གྱང་ཡོད་ལུགས་ཚུ་ བཤད་དོ་ཡོདཔ་ཨིན་པས། ལ་ལོ་ཅིག་གིས་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *