མངོན་མཐོ་ཁྲིམས་འདུན་གྱིས་ ཐད་ཀར་དུ་ ཁྲིམས་ཀྱི་དོན་འགྲེལ་ གནང་ཆོག་ནི་ཨིན་ན?

༉ དུས་ཅིའི་ གནམ་བྱཱར་གྱི་ སྤྱི་ཚོགས་ནང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོད་མི་གིས་མ་དོ་བར་ མཐའན་མཇུག་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ ཐེ་གཏོགས་འབད་དགོ་པའི་ གནས་སྟངས་གུ་ ལྷོད་ཡོདཔ་བཟུམ་མའི་ མཐོང་སྣང་བྱུངམ་མས།
ག་འཆརཔ་ཟེར་བ་ཅིན་ སྲིད་དོན་ཚོགས་པ་ཅིག་གིས་ གཞུང་སྐྱོང་དེ་ ཁྲིམས་སར་བསྐྱལ་ནི་གི་ ཉེན་བརྡ་འབད་བཞིན་དུ་ཡོད་པའི་ཁར་ གྲོས་གནས་ག་ཅི་བཟུམ་ནང་འབད་རུང་ གཞུང་གི་ཁ་ཐུག་ལས་ དངུལ་འབྲེལ་མཐུན་རྐྱེན་གྱི་ཐོག་ལུ་ ཟ་ཁང་དང་ ལྟ་བཤལ་ལས་དོན་ལ་སོགས་པའི་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཁྲལ་དགོངས་ཡངས་གནང་མི་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ སྤྱི་ལོ་༢༠༡༢ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ རྩ་ཁྲིམས་དང་འབྲེལ་བའི་ རྩོད་དོན་དང་པའི་ འཁྲུན་ཆོད་གནང་མི་ལས་ འགལ་སོ་ནུག་ཟེར་ ཉོགས་བཤད་བཀོདཔ་ཨིན་མས།
གཞུང་གིས་ སྤྱི་ཟླ་༥ པའི་ཚེས་༨ ལུ་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ ངོ་སྤྲོད་འབད་བའི་ཤུལ་ལས་ རྩོད་རྙོགས་ཐོན་མི་དེ་ཡང་ དེ་གི་ཧེ་མར་ ཁྲལ་དགོངས་ཡངས་གནང་མི་ཚུ་ སྤྱི་ཚོགས་ལས་ གནང་བ་མེད་པར་ འབད་ཡོད་པའི་སྐོར་ ལྡོག་ཕྱོགས་ཚོགས་པ་གིས་ གདོང་ལེན་སྒྲིང་སྒྲི་འབད་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ ཁ་ཐུག་ལས་འབད་རུང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ཡོད་པའི་ གནད་དོན་ཐོན་མི་ལུ་བརྟེན་ དངུལ་འབྲེལ་མཐུན་རྐྱེན་དེ་ ཏི་རུ་གི་ དཔྱད་ཡིག་ལུ་ བསྒྱུར་བཅོས་འབད་དགོཔ་ཐོན་ཡི།
ཨིན་རུང་ དངུལ་འབྲེལ་མཐུན་རྐྱེན་སྲིད་བྱུས་དེ་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༧ ཚུན་གྱི་བར་ན་ ལག་ལེན་འཐབ་མི་དེ་ ཚུལ་མིན་གྲངས་སུ་ བརྩི་འཇོག་ཐོག་ ལྡོག་ཕྱོགས་ཚོགས་པ་དང་ རྒྱལ་ཡོངས་ཚོགས་སྡེ་ ཐ་ན་ སྲིད་དོན་ཚོགས་པ་ལ་ལོ་ཅིག་གིས་ གཞུང་ལུ་ འགན་འཁྲི་འབག་དགོ་པའི་ བློ་འདོད་བཀོདཔ་མ་ཚད་ ལ་ལོ་གིས་ དགོངས་ཡངས་གནང་ཚར་བའི་ ཁྲལ་དེ་ཚུ་ ལོག་བསྡུ་ལེན་འབད་དགོ་ཟེར་ཨིན་མས།
དེ་སྦེ་ བློ་འདོད་བཀོད་མི་དང་ སྐྱོན་བརྗོད་འབད་མི་དེ་ གཙོ་བོ་ར་ རང་སོ་སོ་གིས་ ཁྲིམས་ཀྱི་གོ་དོན་ སོ་སོར་ལེན་མི་ལུ་བརྟེན་ཨིནམ་ད་ འདི་བཟུམ་ཁྲིམས་ཀྱི་གོ་དོན་དང་འབྲེལ་བའི་ དཀའ་ངལ་ཐོན་པའི་སྐབས་ ཁྲིམས་དོན་འགྲེལ་གྱི་དོན་ལུ་ མངོན་མཐོ་ཁྲིམས་འདུན་ལུ་ ཞུ་ནི་གི་ དབང་ཚད་ག་ལུ་ཡོདཔ་ཨིན་ན?
མ་གཞི་ གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་ཚུ་ གནང་མི་དེ་ ཧེ་མ་ལས་ ལག་ལེན་འཐབ་མི་ སྲོལ་ཁྱུན་དང་བསྟུན་ཨིནམ་སྦེ་ ཁུངས་སྐྱེལཝ་ཨིན་རུང་ ཁྲིམས་ཀྱི་གོ་དོན་སོ་སོར་ ལེན་མི་ཚུ་ དོགས་སེལ་འབད་ཐབས་ལུ་ བདུན་ཕྲག་འདི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཚོགས་དཔོན་ལུ་ མངོན་མཐོ་ཁྲིམས་འདུན་ལས་ སྤྱི་ཟླ་༥ པའི་ཚེས་༨ ཀྱི་ཧེ་མ་ བྱིན་ཚར་མི་ དངུལ་འབྲེལ་མཐུན་རྐྱེན་གྱི་ དོན་འགྲེལ་གནང་དགོ་པའི་ ཞུ་བ་ཕུལ་དགོཔ་སྦེ་ཞུ་ནུག།
དེ་སྦེ་ ཐབས་བྱུས་བཏོན་མི་དེ་ གཞུང་ལུ་ཡང་ ཚ་གྱང་ཡོད་པའི་ རྟགས་མཚན་སྟོནམ་ཨིན་རུང་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ ཚོགས་དཔོན་ལུ་ དབང་ཚད་མེདཔ་ལས་ དངུལ་འབྲེལ་མཐུན་རྐྱེན་གྱི་ རྩོད་རྙོགས་དེ་ དེ་སྦེ་ར་ ལུས་ནི་བཟུམ་མཐོངམ་མས།
རྩ་ཁྲིམས་ཀྱི་ དགོངས་དོན་དང་འཁྲིལ་བ་ཅིན་ འདི་བཟུམ་མའི་ གནད་དོན་ཚུ་ནང་ ཁྲིམས་ཀྱི་དོན་འགྲེལ་འབད་དགོ་པ་ཅིན་ ཁེ་རྒུད་མ་བཏུབ་མི་ རྩ་ཕན་ཅིག་གིས་ ཆེ་མཐོ་དང་ ཡང་ཅིན་ མངོན་མཐོ་ཁྲིམས་འདུན་གང་རུང་༡ ནང་ རྩོད་བཤེར་གྱི་དོན་ལུ་ ཞུ་ཡིག་བཙུགས་ནི་མ་གཏོགས་ ཐབས་ལམ་གཞན་མི་མཐོང་པས།
གནད་དོན་དེ་ ག་དེ་སྦེ་ར་ཨིན་རུང་ ཚ་ངེར་བཏོན་ཏེ་ མཇུག་བསྡུ་མ་བཏང་པ་ཅིན་ གཅིག་གིས་གཅིག་ལུ་ མཛུབ་མོ་དཔག་སྟེ་ སྐྱོན་སློང་ཡི་ར་ སྡོད་ནི་ཨིནམ་ལས་ དེ་གིས་ གངས་བར་ནང་གི་ཆུ་འཐུང་། སྤྲིན་བར་ནང་གི་ ཉིམ་བསྲོ་སྡོད་པའི་ སྐྱིད་ཉམས་ཅན་གྱི་ མི་སྡེ་ཚུ་ དགའཝ་སྐྱིདཔ་མེདཔ་བཟོ་ནི་གི་ ཉེན་ཁ་ཡོད་ཟེར་ ཞུ་ནི་ཨིན།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *