མངོན་མཐོ་ཁྲིམས་འདུན་གྱིས་ ལྷན་སྡེའི་དབང་ཚད་ ཐ་དད་ནང་ཧམ་འཛུལ?

༉ མངོན་མཐོ་ཁྲིམས་འདུན་གྱིས་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་ནང་ མ་ཚུད་མི་ ཨིསི་པི་པ་ལཱསི་(SP+)ཟེར་མི་ སྨྱོ་རྫས་འཆང་སྤྱོད་དང་ ཚུལ་མིན་ཚོང་འབྲེལ་འཐབ་མི་༥༥༤ ལུ་ བཙོན་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ཐོག་ལས་ ད་ཚུན་གྱི་བར་ན་ ཁྲིམས་གསལ་ཏོག་ཏོ་མེད་མི་དེ་ གནས་སྐབས་ཅིག་ དྭངས་གསལ་བཟོ་ནུག།
མངོན་མཐོ་ཁྲིམས་འདུན་གྱི་ འཁྲུད་ཆོད་ལུ་ ཆ་ཤས་ཅིག་གིས་ ལེགས་བསྟོད་ཞུཝ་མ་ཚད་ ཡིད་ཆེས་ངལ་རངས་བསྐྱེདཔ་ཨིན་རུང་ ཁྲིམས་རྩོདཔ་དང་ ཁྲིམས་བཟོའི་འཐུས་མི་ཚུ་གིས་ སྐྱོན་བརྗོད་དང་ ཁ་བཏང་མི་དེ་ཡང་ ཁྲིམས་སྡེའི་འགན་ཁུར་ངོ་མ་ར་ ཁྲིམས་ཀྱི་དོན་འགྲེལ་གནང་ནི་དེ་ཨིན་རུང་ ཁྲིམས་བཟོ་ནང་ཡང་ ལགཔ་རྐྱབ་དོ་བཟུམ་མའི་ མཐོང་སྣང་འབྱུང་ནི་དེ་གིས་ཨིན་མས།
མ་གཞི་ མངོན་མཐོ་ཁྲིམས་འདུན་གྱི་ཁ་ཐུག་ལས་ སྨྱོ་རྫས་ཨིསི་པི་པ་ལཱསི་དེ་ སྨྱོ་རྫས་བཅའ་ཁྲིམས་ཀྱི་ ཟུར་དེབ་ནང་ གསལ་བཀོད་འབད་འབདཝ་མེདཔ་ལས་ སྤྱི་ཚོགས་ཀྱིས་ བཅའ་ཁྲིམས་འཕྲི་སྣོན་མ་འབད་ཚུན་ཚོད་ འཁྲུན་ཆོད་དང་འཁྲིལ་ བཀག་དམ་ཅན་གྱི་ སྨྱོ་རྫས་གཞན་ཚུ་བཟུམ་སྦེ་ར་ བརྩི་འཇོག་འབད་དེ་ ཉེས་ལས་འཐབ་མི་ཚུ་ལུ་ ཉེས་ཁྲིམས་བཀལ་དགོཔ་སྦེ་ བཀོད་ཡོད་རུང་ ཉེས་ཁྲིམས་ཕོག་མི་༥༥༤ ལུ་ ཁྲིམས་འཐུས་བཏབ་ཆོག་པའི་ བཀའ་གནང་མི་དེ་ རྩ་ཁྲིམས་ཆེན་མོ་དང་ ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་ཚུ་ལས་ འགལ་ནུག་ཟེར་ཨིན་མས།
ཁྲིམས་རྩོདཔ་ལ་ལོ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ སྨྱོ་རྫས་ཨེསི་པི་པ་ལཱསི་དེ་ བཅའ་ཁྲིམས་ཀྱི་ ཁྲིམས་དེབ་ནང་ མེད་པ་ཅིན་ རྩོད་ཟླ་ཚུ་ལུ་ ཉེས་ཁྲིམས་ཕོག་དགོཔ་མེདཔ་ལས་ བཙོན་འཐུས་བཏབ་ཆོགཔ་བཟོཝ་ད་ ཉེས་འགེལ་ཁྲིམས་དེབ་ལས་ འགལ་མི་དེ་ཡང་ བཙོན་ཁྲིམས་ལོ་༣ ལས་ལྷག་སྟེ་ ཕོག་མི་ཚུ་གིས་ བཙོན་འཐུས་བཏབ་མ་ཆོག་ནི་དེ་གིས་ཨིན་མས།
དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་དག་པ་ཅིག་གིས་འབད་བ་ཅིན་ མངོན་མཐོ་ཁྲིམས་འདུན་གྱིས་ མགུ་འཐོམ་སི་སིའི་ འཁྲུན་ཆོད་གནང་མི་དེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡.༡༡ དང་༡.༡༣ དེ་ལས་ རྩ་ཚན་༡༠.༡ པ་དང་༢༡.༡ པའི་ དགོངས་དོན་ཚུ་ལས་ འགལ་ནུག་ཟེར་ཨིན་མས།
རྩ་ཁྲིམས་ཀྱི་ རྩ་ཚན་༡ པའི་རྩ་དོན་༡༡ པ་དང་འཁྲིལཝ་ད་ མངོན་མཐོ་ཁྲིམས་འདུན་འདི་ རྩ་ཁྲིམས་ཆེན་མོ་ གཞི་འཛིན་དང་ དེའི་དོན་འགྲེལ་མཐའ་གཅོད་ཀྱི་ དབང་འཛིན་ཨིན་རུང་ ཁྲིམས་བཟོ་ནི་གི་ དབང་ཚད་མེདཔ་ལས་ ད་རེས་ ཁྲིམས་གསལ་ཏོག་ཏོ་མིན་འདུག་ཟེར་ རྒྱུ་མཚན་བཟང་སྟེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ ད་ལས་ཕར་ སྨྱོ་རྫས་ག་ཅི་བཟུམ་ འཆང་སྤྱོད་དང་ ཚོང་འབྲེལ་འཐབ་རུང་ བཀག་དམ་ཅན་གྱི་ ཟུར་དེབ་ནང་ བཀོད་དགོ་པའི་ དབང་ཚད་གནང་མི་དེ་ ཁྲིམས་བཟོ་ལྷན་སྡེའི་ དབང་ཚད་ལེན་དོ་བཟུམ་མའི་ བརྡ་མཚོན་སྟོནམ་མས།
ག་འཆརཔ་ཟེར་བ་ཅིན་ རྩ་ཁྲིམས་ཀྱི་ རྩ་ཚན་༡༠ པའི་རྩ་ཚན་༡ པའི་ནང་ འབྲུག་ལུ་ སྤྱི་ཚོགས་ཅིག་ཡོད་དགོ་མི་དེ་ལུ་ རྩ་ཁྲིམས་ཆེན་མོ་འདིའི་ནང་གསལ་ལྟར་ ཁྲིམས་བཟོའི་དབང་ཚད་ཡོངས་རྫོགས་ཡོད་པའི་ཁར་ སྤྱི་ཚོགས་དེ་ནང་ འབྲུག་རྒྱལ་པོ་མཆོག་དང་ རྒྱལ་ཡོངས་ཚོགས་སྡེ་ རྒྱལ་ཡོངས་ཚོགས་འདུ་བཅས་ཚུད་ནི་དེ་གིས་ཨིན་མས།
སྤྱི་ཚོགས་ཀྱི་ འཐུས་མི་ཅིག་གིས་འབད་བ་ཅིན་ ཁྲིམས་སྡེའི་ཁ་ཐུག་ལས་ ཁྲིམས་ལུགས་མེད་པ་ཅིན་ བཀའ་རྒྱ་གནང་ཆོགཔ་ཨིན་རུང་ ཧེ་མ་ལས་ཡོད་པའི་ བཅའ་ཁྲིམས་ཚུ་ནང་ དགོངས་དོན་ཚུ་ དྭངས་གསལ་མེད་པ་ཅིན་ སྤྱི་ཚོགས་ལུ་ འཕྲི་སྣོན་འབད་དགོ་པའི་ བཀའ་རྒྱ་གནང་དགོཔ་བཞིན་དུ་ ད་རེས་ཀྱི་ གནད་དོན་ནང་ལྷོདཔ་ད་ མངོན་མཐོ་ཁྲིམས་འདུན་གྱིས་ ཁྲིམས་བཟོའི་འགན་ཁུར་འབག་མི་ལུ་ལྟཝ་ད་ སྤྱི་ཚོགས་མི་དགོ་ནི་མས་ཟེར་ཨིན་མས།
དེ་མ་ཚད་ འཛིན་སྐྱོང་ལྷན་སྡེ་དང་ ཁྲིམས་བཟོ་ལྷན་སྡེ་ དྲང་ཁྲིམས་ལྷན་སྡེའི་ རང་དབང་ཐ་དད་ཨིནམ་ལས་ རྩ་ཁྲིམས་ཆེན་མོའི་ནང་བཀོད་པའི་ ཁྱབ་ཚད་ཚུན་མ་གཏོགས་ གཅིག་གི་དབང་ཚད་ནང་ གཅིག་གིས་ཧམ་འཛུལ་འབད་མི་ཆོག་ཟེར་ཡོད་རུང་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ལ་ལོ་གིས་འབད་བ་ཅིན་ རང་དབང་ཐ་དད་ལུ་ དྲང་ཁྲིམས་ལྷན་སྡེ་གིས་ བརྩི་མཐོང་མ་བསྐྱེདཔ་བཟུམ་ཅིག་མཐོངམ་མས།
གནད་དོན་དེ་གིས་ ཁྲིམས་ཀྱི་དོན་འགྲེལ་འབད་མི་དང་ ཁྲིམས་བཟོའི་ལྷན་སྡེ་༢ ཀྱི་བར་ན་ བློ་གཏད་དང་ ཡིད་ཆེས་མེདཔ་བཟུམ་མའི་ བརྡ་མཚོན་སྟོན་དོ་ཡོདཔ་ལས་ སྤྱི་ཚོགས་ཀྱིས་བཟོ་མི་ ཁྲིམས་ཚུ་ལུ་ སྟབས་མ་བདེཝ་ཡོད་པ་ཅིན་ འཕྲི་སྣོན་མཛད་དགོཔ་མ་ཚད་ དྲང་ཁྲིམས་ལྷན་སྡེ་གིས་ རང་དབང་ཐ་དད་ནང་ ཧམ་འཛུལ་འབད་བ་ཅིན་ གྲོས་བསྟུན་གནང་ཐོག་ལས་ སེལ་ཐབས་འབད་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *