མངལ་གནས་ཨ་ལོ་ བཤལ་བཏང་མི་ ཨམ་སྲུ་འཛིན་བཟུང་།

༉ སྐྱེས་ལོ་༡༨ ལང་མི་ ཨམ་སྲུ་ཅིག་གིས་ ཁྲིམས་འགལ་ཐོག་ལས་ མོ་རའི་ཨ་ལོ་མངལ་བཤལ་བཏང་པའི་ འབྲེལ་གནད་ལུ་བརྟེན་ སྤྱི་ཟླ་༥ པའི་ཚེས་༧ ལུ་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ ཨམ་སྲུ་དེ་ འཛིན་བཟུང་འབད་ནུག།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ སྐྱེས་ལོ་༡༨ ལང་མི་ བུམོ་དེ་ ཟླཝ་འདི་གི་ སྔ་ཆ་ལུ་ ཨ་ལོ་མངལ་ཤོར་བའི་ཤུལ་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བརྟག་དཔྱད་འབད་བར་ སོང་ནུག་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྨན་ཁང་གི་ གནས་ཐོ་དང་འཁྲིལ་བ་ཅིན་ བུམོ་དེ་ སྐྱེས་ལོ་༡༦ ལང་ཡོདཔ་ལས་ མོ་ར་ བུམོ་ཅུང་ཨིན་རུང་ ཨ་ལོ་ཆགས་ཡོདཔ་ཤེས་ཏེ་ སྨན་ཁང་གི་ ཚན་རིག་བརྟག་དཔྱད་ཁང་ནང་ བཏང་ཡོདཔ་སྦེ་ཨིན་པས།
མོ་གིས་འབད་བ་ཅིན་ ཕོ་སྐྱེས་གསུམ་གྱིས་ མོ་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་སྦེ་ སླབ་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་ལུ་ གནད་དོན་དེ་གི་སྐོར་ སྙན་ཞུ་འབད་ཡི་ཟེར་ གསོ་བའི་འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བུམོ་དེ་ སྨན་ཁང་ནང་ མོ་རའི་ཨ་ཞེམོ་དང་གཅིག་ཁར་ འོང་པའི་སྐབས་ མོ་ལུ་མངལ་བཤལ་གྱི་ སྨན་ཟ་ཡི་ག་ཟེར་དྲིཝ་ད་ མ་ཟ་ཟེར་ སླབ་ཡོད་རུང་ མོ་ལུ་ དབང་བཙོང་ལུས་འབྲེལ་འབད་ཡི་ཟེར་ སླབ་མི་ལུ་བརྟེན་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ དོགས་པ་ཟ་བའི་ཤུལ་ལུ་ སྨན་ཁང་གིས་ སྤྱི་ཟླ་༥ པའི་ཚེས་༣ ལུ་ ཁྲིམས་སྲུང་འགག་སྡེ་ལུ་ དབང་བཙོང་འདོད་སྤྱོད་ཀྱི་ གནད་དོན་ཨིན་པའི་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ ཐིམ་ཕུག་ལུ་ བུ་རྫིཔ་སྦེ་སྡོད་མི་ བུམོ་དེ་ སྐྱེས་ལོ་༢༡ ལང་མི་ ཕོ་སྐྱེས་༡ དང་ དགའ་མཐུན་བྱུང་སྟེ་ གཅིག་ཁར་སྡོད་པའི་ཤུལ་ལུ་ གོ་བ་བརྡ་ལོག་བྱུང་མི་ལུ་བརྟེན་ སོ་སོར་ཡར་སོང་ནུག་ཟེར་ཨིནམ་ད་ མོ་གིས་ མངལ་ནང་ཨ་ལོ་ཆགས་ཡོདཔ་ཤེས་ཏེ་ མངལ་བཤལ་གྱི་ སྨན་ཟ་ནུག་ཟེར་ཨིན་པས།
མོ་གིས་ ཨ་ལོ་མངལ་བཤལ་གཏང་ནི་ཨིན་པའི་སྐོར་ལས་ ཕོ་སྐྱེས་དེ་ལུ་ མ་སླབ་པའི་ཁར་ མངལ་བཤལ་བཏངམ་ད་ ཁོ་དང་གཅིག་ཁར་ མཐུན་ལམ་ཡང་མིན་འདུག་ཟེར་ཨིན་པས།
ཞིབ་དཔྱད་དང་འཁྲིལཝ་ད་ བུམོ་དེ་ ཕོ་སྐྱེས་༣ གྱིས་ དབང་བཙོང་ལུས་འབྲེལ་འབད་འབདཝ་མེན་པར་ མོ་རའི་ཨ་རོགས་དགའ་རོགས་དང་གཅིག་ཁར་ སྡོད་པའི་སྐབས་ ཨ་ལོ་ཆགས་ནུག་ཟེར་ཨིན་པས།
འདོད་སྤྱོད་འབད་བའི་སྐབས་ བུམོ་དེ་ ལོ་ན་མ་སྨིནམ་ལས་ ཁྲིམས་སྲུང་འགག་པ་གིས་ ཕོ་སྐྱེས་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ འཛིན་བཟུང་འབད་ནུག།
གསོ་བའི་འགོ་དཔོན་དང་ ཁྲིམས་སྲུང་འགག་པ་ཚུ་གིས་འབད་བ་ཅིན་ བུམོ་དེ་གིས་ ཨ་ལོ་མངལ་བཤལ་བཏང་མི་དེ་ ཟླཝ་༢ དང་༣ དེ་ཅིག་ ལང་ཡོདཔ་བཟུམ་ཡོད་རུང་ མོ་ར་སྨན་ཁང་ནང་ འོང་པའི་སྐབས་ མངལ་བཤལ་བཏང་ཚར་ཡོདཔ་ལས་ ཟླཝ་ག་དེམ་ཅིག་ ལང་ཡི་ག་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *