༉ ཁ་ཙ་ འབྲུག་གི་སྤྱི་ཚོགས་༣ པའི་ སྤྱིར་བཏང་བཙག་འཐུ་ནང་ མང་སྡེ་ཚོ་བཞིའི་ མི་སེར་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ གཞུང་སྐྱོང་ནི་གི་ གོ་སྐབས་བྱིན་ཡི།
དེ་ཡང་ ཀྲོང་གསར་རྫོང་ཁག་གི་ སྔོན་འགྲོའི་བཙག་འཐུའི་ གྲུབ་འབྲས་དང་འཁྲིལ་ད་ མཉམ་རུབ་ཚོགས་པ་གིས་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་༢,༡༨༥ དང་ འགྲེམ་ཐོག་ཚོགས་རྒྱན་༡,༤༧༡ ཐོབ་ཅི།
མ་གཞི་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་མངམ་ཐོབ་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ འདེམས་ཁོངས་༢ ཆ་ར་ལས་ རྒྱལ་ཁ་ཐོབ་མ་ཚུགས།
ཁྲུང་ཁྲུང་གིས་ འཕྲུལ་ཆས་ཚོགས་རྒྱན་༢,༢༥༠ དང་ འགྲེམ་ཐོག་ཚོགས་རྒྱན་༡,༡༩༣ ཐོབ་ཡོདཔ་ད་ ནུབ་སྦིས་-སྟང་སི་སྦྱིས་འདེམས་ཁོངས་ཀྱི་འདེམས་ངོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཚོགས་རྒྱན་༡,༦༧༧ ལས་༩༨༢ དེ་ འཕྲུལ་ཆས་ལས་ ཐོབ་ཡོདཔ་མ་ཚད་ ཕུན་སུམ་ཚོགས་པའི་འདེམས་ངོ་ དངོས་གྲུབ་བཟང་པོ་གིས་ འགྲེམ་ཐོག་ཚོགས་རྒྱན་༦༡༡ བརྩིས་ཏེ་༡,༥༣༧ ཐོབ་ནུག
བྲག་སྟེང་-གླང་མཐིལ་གྱི་ ཁམས་ཤིང་མེ་ཏོག་གི་འདེམས་ངོ་ མགོནམ་རྡོ་རྗེ་གིས་ ཚོགས་རྒྱན་འཕྲུལ་ཆས་༡,༢༠༣ བརྩིས་ཏེ་ཚོགས་རྒྱན་བསྡོམས་༡,༩༧༩ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨོ་རྒྱན་རྣམ་རྒྱལ་དེ་ ཚོགས་རྒྱན་༡,༩༠༦ འབདཝ་ད་ ཚོགས་རྒྱན་༧༣ གྱིས་ ཕམ་སོ་ནུག།
ངོས་ལེན་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཀྲོང་གསར་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་༢,༦༧༥ ལྷོད་མིའི་གྲས་ལས་ འགྲེམ་ཐོག་ཚོགས་རྒྱན་༡༡ ཆ་མེད་སོང་ཡི་ཟེར་ཨིན་པས།
བྲག་སྟེང་-གླང་མཐིལ་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༣༥༨ ཡོད་མི་ལས་༦ ཆ་མེད་སོང་ཡོདཔ་ད་ ནུབ་སྦིས་-སྟང་སི་སྦྱིས་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་༡,༣༠༦ ཡོད་མི་ལས་༥ ཆ་མེད་སོང་ནུག།
ཀྲོང་གསར་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༠,༢༥༠ ཡོདཔ་བཞིན་དུ་ ད་རེས་ བརྒྱ་ཆ་༦༩.༤ གིས་ ཚོགས་རྒྱན་བཙུགས་པར་ འོང་མི་ལས་ ཕོ་སྐྱེས་བརྒྱ་ཆ་༦༨ དང་ ཨམ་སྲུ་བརྒྱ་ཆ་༧༠.༧ ཡོདཔ་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོགས་རྒྱན་གྱི་ ཉིནམ་དེ་ཡང་ ཉོགས་བཤད་དང་ སྟབས་མ་བདེཝ་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ཚུགས་ཅི་ཟེར་ཨིན་པས།
མི་ལ་ལོ་ཅིག་གིས་ རང་སོའི་ཚོགས་རྒྱན་ ངོས་འཛིན་འདྲ་པར་ མ་འབག་པར་ འོང་མི་ཡང་ ཐོན་ཡོདཔ་བཞིན་དུ་ ལ་ལོ་ འདེམས་ངོ་ངོ་མ་ཤེས་མི་ཚུ་ཡང་ ཡོདཔ་ཨིན་པའི་གནས་ཚུལ།
ཀྲོང་གསར་ལས་ ཨོ་རྒྱན་རྡོ་རྗེ།