༉ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ ལས་འགུལ་གྱི་ ལཱ་ཁག་མ་འདྲཝ་ཡོད་མི་ག་ར་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ མཇུག་བསྡུ་ཚུགསཔ་འབད་ནིའི་དོན་ལུ་ ལཱ་རྩ་འགེངས་ཏེ་ འབད་བའི་བསྒང་འདུག།
ད་ཚུན་གྱི་བར་ན་ ལས་འགུལ་གྱི་ ས་འོག་ཆུ་ལམ་ ཀི་ལོ་མི་ཊར་བསྡོམས་༡༣.༥ ཡོད་ས་ལས་ ཀི་ལོ་མི་ཊར་༡༣.༤ སེལ་ཚར་ཡོདཔ་ལས་ ས་འོག་ཆུ་ལམ་ཨང་༨ དང་༩ པའི་ནང་ མི་ཊར་༡༡༩ སེལ་ནི་རྐྱངམ་གཅིག་ལུས་ནུག།
ས་འོག་ཆུ་ལམ་དེ་ ཀུན་དགའ་རབ་བརྟན་གྱི་འོག་ལས་ འགོ་བཙུགས་མི་དེ་གིས་ བསམ་ཆོས་གླིང་གཡུས་ཚན་གྱི་འོག་ལས་སྦེ་ དབྱེ་ཁག་༡༠ ནང་བགོ་སྟེ་ ཡུར་མུང་ལུ་ལྷོདཔ་ད་ གཙང་ཆུ་ནང་ལས་ ཕྱི་ཁར་བཏོན་བཏངམ་ཨིན་པས།
ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་ མིཤ་ར་གིས་ སླབ་མི་དང་འཁྲིལཝ་ད་ ས་འོག་ཆུ་ལམ་༨ པ་དང་༩ པའི་ནང་ ལཱ་ཤུགས་བཏོན་དེ་ འབད་དགོ་པའི་ གནས་སྟངས་ནང་ ལྷོད་དེ་ཡོད་མི་དེ་ཡང་ ས་ཁོངས་དེ་གཉིས་ནང་ ས་འོག་ལུ་ ས་ཆ་བརྟན་ཏོག་ཏོ་མེདཔ་ལས་ དུས་ཚོད་མངམ་འགོར་ནི་དེ་གིས་ཨིན་པས།
ས་ཁོངས་དེ་ནང་ ས་ཆད་འོང་མི་ལུ་བརྟེན་ ལཱ་ཚུ་འགྲོས་ཀྱིས་སྦེ་ གས་རྫས་ལག་ལེན་འཐབ་སྟེ་ ལྕགས་དུམ་ཚུ་ལྷོང་ཡི་ལྷོང་ཡི་ འབད་དགོ་དོ་ཡོདཔ་ལས་ ལཱ་གི་གྲུབ་འབྲས་དེམ་ཅིག་ བཏོན་མ་ཚུགས་པས།
འཛིན་སྐྱོང་མདོ་ཆེན་གྱིས་ བཤད་མིའི་ནང་ ས་འོག་ཆུ་ལམ་ཚུ་ནང་ རྩི་ས་སྦྱར་ནིའི་དོན་ལུ་ དུས་ཚོད་དུམ་གྲ་ཅིག་ འགོར་འོང་ཟེར་ཨིནམ་ད་ ས་འོག་ཆུ་ལམ་ཀི་ལོ་མི་ཊར་༡༣.༥ ཡོད་ས་ལས་ ད་ཚུན་ ཀི་ལོ་མི་ཊར་༣.༧ ནང་རྐྱངམ་གཅིག་ རྩི་ས་སྦྱར་ཚར་ཡོད་རུང་ དེ་ནང་ཡང་ ལཱ་ཚུ་ ཤུགས་བཏོན་པའི་བསྒང་ཡོདཔ་ལས་ སང་ཕོད་སྤྱི་ཟླ་༤ པའི་ནང་ མཇུག་བསྡུ་ཚུགས་པའི་ དམིགས་གཏད་ཡོད་ཟེར་ཨིན་པས།
ལས་འགུལ་གྱི་ ཆུ་རྫིང་ནང་ རྩི་ས་བླུགས་ཏེ་ བྱག་བཟོ་ནིའི་ལཱ་ནང་ ཀིའུ་བིཀ་མི་ཊར་༤༠༩,༤༧༡ མཇུག་བསྡུ་ཚར་ཡོདཔ་ད་ ལྷག་ལུས་ ཀིའུ་བིག་མི་ཊར་༥༨,༥༢༩ དེ་ སང་ཕོད་སྤྱི་ཟླ་༤ པའི་ནང་ མཇུག་བསྡུ་ནིའི་ དམིགས་གཏད་བསྐྱེདཔ་ཨིན་པས།
འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ སང་ཕོད་སྤྱི་ཟླ་༦ པའི་ནང་ལས་ གློག་མེ་བཀྲམ་སྤེལ་བཙུགས་ཚུགསཔ་ འབད་ནིའི་ དམིགས་གཏད་ཡོད་པའི་ཁར་ ལཱ་ཚུ་ཡང་ དུས་ཚོད་བཟོ་མིའི་ནང་ མཇུག་བསྡུ་ནི་ཟེར་ཨིན་པས།
ཆུ་བྱག་རྐྱབ་མིའི་ བཟོ་རིག་འགོ་དཔོན་ ས་ཅིན་ད་ར་ ནཱཐ་ཇཱ་གིས་ བཤད་མིའི་ནང་ ཆུ་རྫིང་གི་ ས་འོག་ལས་ ཆུ་ལམ་བཟོ་ནི་དང་ ཆུ་ནང་ལས་ བྱེམ་དང་ རྡོ་རག་རོ་ཚུ་ བཙག་གཏང་ནིའི་ ས་འོག་ལམ་ཚུ་ག་ར་ མཇུག་བསྡུ་ཚར་ཡོདཔ་ད་ ཆུ་ཤུགས་སྦེ་བབས་ས་ སཱར་ཤཕ་གི་ལཱ་ཡང་ མཇུག་བསྡུ་ནི་གུ་ ལྷོད་དེ་འདུག།
དེ་ལས་ ལས་འགུལ་གྱི་ ས་ཁོངས་ནང་ཡོད་མི་ ཞི་བའི་ལཱ་བརྒྱ་ཆ་༩༠ ལྷགཔ་ཅིག་ འབད་ཚར་ཡོདཔ་ད་ འཕྲུལ་ཆས་ཚུ་ཡང་ བཙུགས་པའི་བསྒང་འདུག།
གློག་ཤུགས་ཀྱི་ ཞི་བའི་བཟོ་རིག་འགོ་དཔོན་འོགམ་ དབང་འདུས་ཀྱིས་ བཤད་མིའི་ནང་ ལས་འགུལ་གྱི་ གློག་མེ་བཀྲམ་སྤེལ་འབད་ནི་ འགོ་བཙུགས་པའི་ཤུལ་ལས་འབད་རུང་ ལཱ་ལ་ལོ་ ཤུལ་ལས་ མཇུག་བསྡུ་རུང་ བཏུབ་མི་ཚུ་ཡོདཔ་ལས་ དེ་གིས་ ལས་འགུལ་དེ་ དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ མི་གནོད་ཟེར་ཨིན་པས།
ལས་འགུལ་གྱིས་ མི་སྡེ་ལུ་ ད་ཚུན་གྱི་བར་ན་ ལས་འགུལ་ཆུང་ཀུ་ཁག་༤༠ དེ་ཅིག་ལུ་ གྲོགས་རམ་འབད་དེ་ཡོད་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤད་པའི་ཁར་ ལས་འགུལ་གྱི་དོན་ལུ་ ལག་ལེན་འཐབ་མི་ རྩི་ས་དང་ ལྕགས་ག་ར་ འབྲུག་ནང་འཁོད་ལས་བཟོ་སྐྲུན་འབད་མི་ཚུ་ ལག་ལེན་འཐབ་དོ་ཟེར་ བཤདཔ་ཨིན་པས།
ལས་འགུལ་གྱིས་ ས་ཁོངས་ནང་གི་ དཔལ་འབྱོར་ཡར་དྲག་གཏང་ནིའི་ནང་ ཆ་རོགས་སྦོམ་འབད་དེ་ཡོད་ཟེར་ ཁོ་གིས་ བཤད་པའི་ཁར་ ལཱ་ཚུ་ཡང་ འཆར་གཞི་དང་འཁྲིལ་ འགྱོ་དོ་ཡོདཔ་ལས་ དཀོན་མཆོག་གསུམ་གྱིས་ཡང་ སྐྱབས་མཛད་དེ་ཡོད་ཟེར་ བཤདཔ་ཨིན་པས།
ལས་འགུལ་ནང་ ལཱ་འབད་མི་ བརྒྱ་ཆ་༩༢ དེ་ཅིག་ འབྲུག་མི་ཚུ་ཡོད་པའི་ཁར་ ལས་འགུལ་དེ་ ཚར་ཅིག་འགོ་བཙུགས་པའི་ཤུལ་ལས་ གློག་ཤུགས་མེ་ག་ཝཱཊ་༧༢༠ ཐོན་སྐྱེད་འབད་ནི་ཨིནམ་ད་ དེ་གིས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༥.༧ འོང་འབབ་བཟོ་ཚུགས་ནི་ཨིན་པས།
དེ་འབདཝ་ད་ རྒྱ་གར་གཞུང་ལུ་ བུ་ལོན་སྦེ་ དངུལ་ཀྲམ་ཐེར་འབུམ་༣.༦ དེ་ཅིག་ བཏབ་དགོཔ་འཐོན་ནི་ཨིནམ་བཞིན་དུ་ ད་རེས་ རྒྱ་གར་ལུ་ གློགས་ཤུགས་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༢.༥ སྦེ་ བཙོང་དོ་ཡོདཔ་ལས་ རྒྱལ་ཁབ་ལུ་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༢.༥ དེ་ཅིག་གི་རྩིས་ ལུས་ནི་ཨིན་པས།
ཆུ་རྫིང་གི་ ས་ཁོངས་ནང་ སྤྱི་ལོ་༢༠༡༢ ལུ་ ཕྱོགས་གཡས་དང་གཡོན་ལས་ ས་རུད་ཆད་འོང་པའི་ དཀའ་ངལ་ཐོན་ཡོད་རུང་ དེ་ནང་ཡང་ ཇ་པཱན་གྱི་ ཁག་འབགཔ་ཅིག་གིས་ བཀག་ཐབས་ཀྱི་ལཱ་ཚུ་ འབད་བའི་ཤུལ་ལས་ ད་རེས་ བརྟན་ཏོག་ཏོ་སོང་སྟེ་འདུག།
ད་ཚུན་ ལས་འགུལ་འགོ་བཙུགས་པའི་ཤུལ་ལས་ རྐྱེན་ངན་ཟེར་རུང་ མི་དག་པ་ཅིག་ལུ་ ས་རུད་ཆད་འོངམ་ད་ ཤི་རྐྱེན་བྱུང་ཡོདཔ་མ་གཏོགས་ ལཱ་གི་གནས་སྟངས་ལུ་བརྟེན་ རྐྱེན་ངན་ག་ནི་ཡང་ བྱུང་སྟེ་མེདཔ་ཨིན་པས།
ཁ་ཙ་ལས་བརྩིས་ཏེ་ ལས་འགུལ་གྱིས་ གློག་ཤུགས་ཐོན་སྐྱེད་འབད་ནི་ འགོ་བཙུགས་ནིའི་དོན་ལུ་ ཉིན་གྲངས་༢༩༨ ཀྱི་ རྩིས་ལུས་ཡོདཔ་ཨིན་པའི་གནས་ཚུལ།
ཀྲོང་གསར་ལས་ བཀྲིས་བསྟན་འཛིན།