མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ གློག་འཕྲུལ་ཨམ་༡ ལོ་གསར་གྱི་ཧེ་མར་ ལག་ལེན་འགོ་བཙུགས་ནི།

༉ ད་རེས་ཀྱི་ ཟླ་མཇུག་ལུ་ མཇུག་བསྡུ་ནི་གི་ འཆར་གཞི་ཡོད་མི་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་དེ་ ད་རུང་ ཞག་དུས་ཟླཝ་༡ ཕར་འགྱངས་འབད་ཡོདཔ་ཨིན་པས།
དེ་ཡང་ ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་ མིཤ་ར་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཛིན་སྐྱོང་གིས་ རྒྱ་གར་མཱམ་བེ་ལུ་ བཟོ་སྐྲུན་འབད་མི་ ཆུ་བཀག་རའི་ ཕྱོགས་ཅིག་གི་མཇུག་ལུ་ སེར་གུ་འམ་དོང་ཅིག་ ཐོན་ཡོདཔ་མཐོང་པའི་ཤུལ་ལས་ དུས་ཡུན་ཕར་འགྱངས་འབད་དགོཔ་ཐོན་ཡི་ཟེར་ཨིན་པས།
སེར་གུ་ལུ་བརྟེན་ ལཱ་ག་ར་ ལོག་སྟེ་འབད་དགོཔ་ཐོནམ་ལས་ ཆུ་བཀག་ར་རྐྱབ་ནི་གི་ ལཱ་མཇུག་བསྡུ་ནི་དེ་ཡང་ ཕྱིས་སོང་ཡི་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤདཔ་ཨིན་རུང་ དུས་ཅི་ སྤྱི་ཟླ་༡༠ པའི་ཚེས་༣༡ ལས་ ལས་འགུལ་གྱི་ ལཱ་བརྒྱ་ཆ་༩༨.༩༩ མཇུག་བསྡུ་ཚར་ཡི་ཟེར་ཨིན་པས།
ལས་འགུལ་གྱིས་ སྤྱི་ཟླ་༡༢ པའི་ཚེས་༢༠ ལས་ ཆུ་ཁ་བསྒྱུར་བཏང་མིའི་ ས་འོག་གི་ ཆུ་ལམ་བསུབ་ནི་དང་ ཆུ་བརྒྱུད་དེ་བཏང་མིའི་ ལམ་ལུགས་ནང་ ཆུ་གཏང་ནི་ལ་སོགས་པ་ཚུ་ འགོ་བཙུགས་ནི་ཨིན་པས།
འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ ལས་འགུལ་གྱི་ འཕྲུལ་རིག་དང་འབྲེལ་བའི་ ལཱ་ག་ར་ སྤྱི་ཟླ་༡༢ པའི་ཚེས་༡༨ ལས་ མཇུག་བསྡུ་ནིའི་ རེ་བ་བསྐྱེད་དོ་ཡོདཔ་བཞིན་དུ་ ཆུ་ཁ་བསྒྱུར་གཏང་མི་ ས་འོག་ཆུ་ལམ་ཚུ་ཡང་བཀག་སྟེ་ ཆུ་མཛོད་ས་ཁོངས་ནང་ ཆུ་གསོག་འཇོག་འབད་ནི་ འགོ་བཙུགས་འོང་ཟེར་ཨིན་པས།
གནས་སྡུད་དང་འཁྲིལཝ་ད་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ གནམ་བྱཱར་གྱི་ དུས་ཚོད་ནང་ དུས་ཡུན་སྐར་ཆ་རེ་ནང་ ཆུ་ཀིའུ་བིག་མི་ཊར་༡༠༠ རེ་ འཐེན་ཚུགས་པའི་ ཤུགས་ཚད་ཡོད་པའི་ཁར་ སྤྱི་ཟླ་༩ པ་ལས་ ཀིའུ་བིག་མི་ཊར་༥༨ ལུ་ ཕབ་དོ་ཡོདཔ་ལས་ ཚུལ་ལྡན་སྦེ་ འཛིན་སྐྱོང་འབད་ཚུགས་ནི་ཨིན་པས།
འཛིན་སྐྱོང་མདོ་ཆེན་གྱིས་ སླབ་མིའི་ནང་ ལཱ་འབད་དགོཔ་ཡོད་མིའི་གྲས་ལས་ ས་ཐོག་དོང་ལམ་སེལ་མི་༢ བསུབ་ནི་དེ་ཨིནམ་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༣༠ དང་ ཡང་ཅིན་ ཚེས་༣༡ ལས་ ལས་འགུལ་གྱིས་ གློག་ཤུགས་མེ་ག་ཝཱཊ་༡༨༠ འབད་མི་ གློག་མེ་འཕྲུལ་འཁོར་ཅིག་བསྒྱིར་ནི་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་ད་ སང་ཕོད་སྤྱི་ཟླ་༡ པ་ལས་ འཕྲུལ་འཁོར་༢ ཀྱིས་ གློག་ཤུགས་ཐོན་སྐྱེད་འབད་ནི་ འགོ་བཙུགས་ནི་ཨིན་པས།
དེ་གི་ཤུལ་ལས་ ལས་འགུལ་གྱིས་ གློག་མེ་འཕྲུལ་ཁང་གི་ ཆུ་འཁོར་༢ བསྒྱིར་ནི་ འགོ་བཙུགས་ནི་ཨིནམ་ད་ རྒྱ་གར་གྱི་ གློག་ཐག་དང་གཅིག་ཁར་ མཐུད་སྦྲེལ་འབད་ནིའི་ ལཱ་དེ་ཡང་ སྤྱི་ལོ་༢༠༡༩ ཟླ་དང་པའི་ནང་ལས་ འགོ་བཙུགས་འོང་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤདཔ་ཨིན་པས།
མཐུད་སྦྲེལ་གྱི་ལཱ་ཚུ་ ཁག་དབྱེ་སྟེ་ འབད་དགོཔ་ལས་ ལཱ་ཡོངས་རྫོགས་སྦེ་ མཇུག་བསྡུ་ནི་ལུ་ ཟླཝ་༡ དེ་ཅིག་ འགོར་ནི་འོང་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤད་པའི་ཁར་ གློག་མེ་འཕྲུལ་ཁང་རེ་གིས་ གློག་ཤུགས་མེ་ག་ཝཱཊ་༡༨༠ རེ་ ཐོན་སྐྱེད་འབད་ནིའི་ ཤུགས་ཚད་ཡོད་པའི་ཁར་ བསྒྱིར་འཁོར་༤ གིས་ གློག་ཤུགས་བསྡོམས་ མེ་ག་ཝཱཊ་༧༢༠ ཐོན་སྐྱེད་འབད་ནི་ཨིན་པས།
ཟད་འགྲོའི་ཐད་ཁར་ལྷོདཔ་ད་ ལས་འགུལ་གྱིས་ སྤྱི་ཟླ་༡༠ པའི་ཚེས་༣༡ ཚུན་ཚོད་ བརྒྱ་ཆ་༩༣.༩༨ ཐོབ་ཡོད་པའི་ཁར་ ཟད་འགྲོ་ཐེངས་གསུམ་པ་དེ་ རྒྱ་གཞུང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོད་པའི་ཁར་ ད་ཚུན་ ཟད་འགྲོ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༤༦.༡ བཏང་ཚར་ཡོདཔ་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ ལོ་བསྟར་བཞིན་དུ་ རྒྱ་གར་ལུ་ གློག་མེ་ཡུ་ནིཊ་ཐེར་འབུམ་༣ དེ་རེ་ བཙོང་ནི་གི་ དམིགས་གཏད་ཡོད་པའི་ཁར་ གློག་མེའི་གོང་ཚད་ཐད་ལུ་ ད་ལྟོ་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ཨིན་པས།
ས་འོག་ཆུ་ལམ་ནང་ ཆུ་མ་བཏང་པའི་ཧེ་མར་ ཆུ་མཛོད་ནང་ ཆུ་ཧིང་སངས་ས་གཏང་ཐབས་ལུ་ འཛིན་སྐྱོང་མདོ་ཆེན་ ཁོ་ར་ལས་འགོ་བཙུགས་ ལས་འགུལ་གྱི་ ལས་བྱེདཔ་ཚུ་གིས་ ཆུ་དུང་བསལ་ནིའི་ནང་ ཁས་བླངས་འབད་དེ་ཡོདཔ་ད་ འཛིན་སྐྱོང་མདོ་ཆེན་གྱིས་ བཤད་མིའི་ནང་ ཆུ་མ་གཏང་པའི་ཧེ་མར་ ས་འོག་ཆུ་ལམ་ཚུ་ནང་ རྡོ་དང་ལྕགས་དུམ་གྱི་རིགས་ག་ནི་ཡང་ ལུས་བཅུག་ནི་མི་འོང་ཟེར་ བཤད་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *