མགར་ས་ལུ་ སྡོད་མི་ཚུ་གིས་ སྲིད་ཀྱི་སྐོར་ལས་ གྲོས་བསྡུར་འབད་ནིའི་ བློ་འདོད་མེདཔ།

༉ མགར་ས་རྫོང་ཁག་ནང་འབད་བ་ཅིན་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ གྲ་སྒྲིག་དེ་ སྲིད་དོན་པ་ཚུ་ལུ་རྐྱངམ་གཅིག་གིས་འབད་བའི་ མཐོང་སྣང་བྱུངམ་ཨིན་པས།

དེ་ཡང་ སྲིད་ཚོགས་༤ ཆ་རའི་ འདེམས་ངོ་ཚུ་གིས་ ཁ་སྟོད་རྒེད་འོག་ནང་ གཡུས་བཤལ་ཐོག་ལས་ ཚོགས་པའི་ལྟ་བ་དང་ ཁས་བླངས་ཚུ་ མི་སེར་ཚུ་ལུ་ བཤད་བྱིནམ་ཨིན་རུང་ མགར་ས་ཁྲོམ་ཁར་ཡོད་མི་ བཙག་འཐུའི་སྐུལ་བསྒྲགས་བརྡ་བྱང་དེ་སྟོངམ་ཨིན་པའི་ཁར་ ཁྲོམ་ཁར་སྡོད་མི་ཚུ་གིས་ འགོ་འདྲེན་འཐབ་རན་མི་ བཙག་འཐུའི་སྐོར་ལས་ ལོ་རྒྱུས་སླབ་ནིའི་ བློ་འདོད་མེདཔ་ཨིན་པས།

མགར་ས་ཁྲོམ་ཁའི་ ཚོང་པ་ཅིག་གིས་ སླབ་མིའི་ནང་ སྲིད་ལུ་བརྟེན་ མི་སྡེ་དབྱེ་ཁག་བཟོཝ་མ་ཚད་ མ་འགྲིགཔ་བཟོ་མི་ལུ་བརྟེན་ མི་ཚུ་གིས་ སྲིད་དོན་ཚོགས་པའི་སྐོར་ལས་ ལོ་རྒྱུས་སླབ་ནི་དང་ གྲོས་བསྡུར་འབད་ནི་གི་ སྤྲོ་བ་མི་བསྐྱེད་པས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྲིད་དང་འབྲེལ་བའི་ ལོ་རྒྱུས་སླབ་མི་དེ་གིས་ གསང་བའི་ཚོགས་རྒྱན་དེ་ གནད་ཁུངས་མེདཔ་བཟོཝ་མ་ཚད་ རང་སོའི་ཐོབ་དབང་དང་ འགན་ཁུར་ལུ་ཡང་ ཐོ་བཀལཝ་མས་ཟེར་ཨིན་པས།

དེ་མ་ཚད་ སྲིད་ཚོགས་ཅིག་ལུ་ རྒྱབ་སྐྱོར་འབད་ནི་དང་ ཚོགས་པ་ཚུ་གི་སྐོར་ལས་ བསམ་འཆར་བཤད་ནི་དེ་ ཚོགས་པ་དེ་ལུ་ ཚོགས་རྒྱན་བཙུགས་དོ་བཟུམ་ཅིག་ཨིནམ་ལས་ དོན་མཐར་ཐུག་ལུ་ སྲིད་ཚོགས་ག་ལུ་ ཚོགས་རྒྱན་བཙུགས་ཅི་ག་ ག་གིས་ཡང་མི་ཤེས་ཟེར་ ཚོང་པ་དེ་གིས་ བཤདཔ་ཨིན་པས།

མགར་ས་ལུ་ བཙག་འཐུ་དེ་ མི་ཚུ་ལས་ ངོས་ལེན་ཚུལ་ལྡན་མེད་མི་ལུ་བརྟེན་ འདེམས་ངོ་ཚུ་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ད་ ཁ་སྟོད་-ལ་ཡ་འདེམས་ཁོངས་ཀྱི་ འབྲུག་ཀུན་ཉམ་ཚོགས་པའི་འདེམས་ངོ་ དམ་ཆོས་བཟང་མོ་གིས་ འདེམས་ཁོངས་དེ་ནང་ ཚོགས་པའི་འགོ་འདྲེན་པ་ཅིག་ འཐོབ་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ མི་ཚུ་གི་ སེམས་ཁ་ལུ་ གལ་སྲིད་ ཁོང་གིས་ རྒྱབ་སྐྱོར་འབད་མི་ ཚོགས་པ་དེ་ འགོ་ཐོག་བཙག་འཐུ་ནང་ལས་ རྒྱལ་ཁ་མ་ཐོབ་པ་ཅིན་ ཚོགས་པ་གཞན་གྱི་ རྒྱབ་སྐྱོར་པ་ཚུ་གིས་ དམའ་ཕབ་རྐྱབ་སྟེ་ སྐྱོ་དྲགས་བརྩི་འོང་ཟེར་ འདྲོག་སྣང་ཡོད་མི་ལུ་བརྟེན་ ཚོགས་པ་ལུ་ གནས་སྐབས་གསརཔ་དང་ གདམ་ཁ་ཚུ་ལུ་ རྒྱབ་སྐྱོར་ ཡང་ཅིན་ ངོས་ལེན་འབད་མི་ཚུགས་ནི་ཨིན་པའི་ ཚོར་སྣང་འདུག་ཟེར་ཨིན་པས།

ཨིན་རུང་ ལ་ལོ་གིས་ ཁས་བླངས་འབད་ཡོད་མི་ཚུ་ གྲུབ་མ་ཚུགསཔ་མི་ལུ་བརྟེན་ སྲིད་དོན་ཚོགས་པ་ཚུ་ལུ་ ཡིད་ཆེས་མེད་པའི་སྐོར་ བཤདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བསྟན་འཛིན་གྱིས་ མི་ཚུ་ལས་ ཚོགས་པ་ལུ་ སྤྲོ་བ་ཡོད་རུང་ གདོང་ཁར་ཐོན་ཏེ་ རྒྱབ་སྐྱོར་མ་འབད་མི་དེ་ཡང་ མི་རློབས་ཉུང་སུ་ཅིག་ལས་མེདཔ་ལས་ གཞན་ཚུ་གིས་ ཚོགས་པ་ག་དང་ཅིག་ཁར་ འབྲེལ་གནད་ཡོདཔ་ཨིན་ན་ ཤེས་མི་བཅུག་ནིའི་དོན་ལུ་ ཨིནམ་འོང་ཟེར་ བཤདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བཅོ་ལྔ་ཟླ་བ་གིས་ ཚོགས་པའི་འདེམས་ཁོངས་འགོ་འདྲེན་པ་ འཐོབ་ནི་ལུ་ ལཱ་ཁག་འདུག་ཟེར་ བཤད་པའི་ཁར་ མི་སྡེ་དེ་ ཆུང་ཀུ་ཅིག་ཨིནམ་ལས་ ཚོགས་པ་ཅིག་ལུ་ རྒྱབ་སྐྱོར་འབད་བ་ཅིན་ མི་སྡེ་ཁག་དབྱེ་གཏང་ནིའི་ འདྲོག་སྣང་ཡོད་མི་ལུ་བརྟེན་ འོང་ནི་མས་ཟེར་ བཤད་ཡོདཔ་ད་ མི་སེར་ཚུ་གིས་ ཁོང་ལུ་ ཚ་གྱང་དང་ གདོང་ལེན་ཡོད་མིའི་ གནད་དོན་ཚུ་གི་སྐོར་ལས་ ལོ་རྒྱུས་སླབ་ནི་མིན་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དམ་ཆོས་རྡོ་རྗེ་གིས་ སླབ་མིའི་ནང་ མི་ཚུ་གིས་ ཁོ་དང་ཅིག་ཁར་ སྲིད་ཀྱི་ལོ་རྒྱུས་སླབ་ནི་ལུ་ དང་འདོད་བསྐྱེདཔ་མས་ཟེར་ཨིན་པས།

མི་ཚུ་གིས་ སྲིད་དང་འབྲེལ་བའི་ བློ་སླབ་ནིའི་ནང་ བློ་འདོད་མེདཔ་མེན་པར་ སྲིད་དོན་ཚོགས་པ་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ མ་ཤེས་པའི་ཚོར་སྣང་ ཡོད་མི་ལུ་བརྟེན་ཨིན་པས་ཟེར་ དམ་ཆོས་རྡོ་རྗེ་གིས་ བཤད་པའི་ཁར་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ སྲིད་ཚོགས་ག་ལུ་ ཚོགས་རྒྱན་བསྐྱུར་ནི་ཨིན་ན་ ཐག་བཅད་ཚར་ཚརཝ་འོང་ཟེར་ བཤདཔ་ཨིན་པས།

མགར་ས་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢,༠༦༤ ཐོ་བཀོད་འབད་དེ་ཡོད་ས་ལས་ ཁ་སྟོད་-ལ་ཡ་འདེམས་ཁོངས་ནང་ ཚོགས་རྒྱན་སྐྱུར་མི་༡,༠༢༣ དང་ ཁ་སྨད་-ལུང་ནག་ནང་ལུ་ ཚོགས་རྒྱན་སྐྱུར་མི་༡,༠༤༡ ཡོད་མི་དེ་ རྒྱལ་ཁབ་ནང་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་ཉུང་ཤོས་ཅིག་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *