མགར་ས་རྫོང་ཁག་ནང་ འགོ་ཐོག་བཙག་འཐུའི་སྐབས་ བློན་པོ་ཕམ་ཡོདཔ།

༉ འགོ་ཐོག་བཙག་འཐུ་ནང་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་སྦོམ་བཟོ་ཡོདཔ་ཨིན་རུང་ མགར་ས་རྫོང་ཁག་ནང་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་བཟོ་མ་ཚུགསཔ་ཨིན་པས།

ཁ་སྟོད་-ལ་ཡ་འདེམས་ཁོངས་ནང་ སྤྱི་ལོ་༢༠༠༨ ལུ་ ལྡོག་ཕྱོགས་ཀྱི་འཐུས་མི་དང་ འདས་པའི་གཞུང་གི་ ཕྱི་འབྲེལ་བློན་པོ དམ་ཆོས་རྡོ་རྗེ་དེ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བསྟན་འཛིན་དང་ཕྱདཔ་ད་ ཚོགས་རྒྱན་༡༢༩ གྱིས་ ཕམ་སོཔ་ཨིན་པས།

དམ་ཆོས་རྡོ་རྗེ་གིས་ ཚོགས་རྒྱན་ཡོངས་བསྡོམས་༢༧༨ ཐོབ་ཡོད་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་༦༣ དང་ འཕྲུལ་ཆས་ཚོགས་རྒྱན་༢༧༨ ཐོབ་ཡོདཔ་ད་ བསྟན་འཛིན་གྱིས་ ཡོངས་བསྡོམས་༤༠༧ ཐོབ་ཡོད་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་༣༡ དང་ འཕྲུལ་ཆས་ཚོགས་རྒྱན་༣༧༦ ཐོབ་ཡོདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་གིས་ ལ་ཡ་རྒེད་འོག་ནང་ལས་ ལུང་མགོ་དང་ ཉིའི་ལོག་སྤྱི་འོག་གི་ ཚོགས་རྒྱན་ས་ཁོངས་༢ ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ མགར་ས་སློབ་གྲྭ་དང་ ཁ་སྟོད་རྒེད་འོག་ནང་གི་ ཚོགས་རྒྱན་ས་ཁོངས་༢ ནང་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

ཁ་སྟོད་རྒེད་འོག་དང་ཕྱདཔ་ད་ ལ་ཡ་རྒེད་འོག་ནང་ ཐོ་བཀོད་འབད་མི་ ཚོགས་རྒྱན་བཙུགས་མི་༣༧༧ ཐེབས་ཡོདཔ་ལས་  འདེམས་ཁོངས་དེ་ནང་ མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་འཐོབ་ནིའི་ནང་ རྒེད་འོག་དེ་ གཙོ་བོ་ཅན་ཅིག་ཨིན་པས།

མཉམ་རུབ་ཚོགས་པའི་འདེམས་ངོ་ བསྟན་འཛིན་གྱིས་ སྤྱི་ལོ་༢༠༠༨ ལུ་ ཚོགས་པ་དེ་གི་ འདེམས་ངོ་སྦེ་ ཐོན་ཡོདཔ་ད་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

བསྟན་འཛིན་གྱིས་ སླབ་མིའི་ནང་ ཚོགས་པའི་གཙོ་འཛིན་དེ་ མི་སེར་ཚུ་གིས་ ཚོགས་པ་གདམ་འཐུ་འབད་ནིའི་ནང་ གལ་ཆེ་བའི་ རྒྱུ་རྐྱེན་ཅིན་ཨིནམ་ད་ ཁོ་ར་ སྤྱི་ལོ་༢༠༡༣ ལུ་ ཕམ་སོ་པའི་ཤུལ་ལས་ སེམས་དཔའ་མ་ཞུམ་པར་ མི་སྡེའི་ཞབས་ཏོག་ཞུ་སྟེ་ སྡོད་ཡོདཔ་ལས་ མི་ཚུ་གིས་ ཁོ་གིས་ ཞབས་ཏོག་དེ་ ངོས་འཛིན་འབད་ནུག་ཟེར་ཨིནམ་ད་ བཙག་འཐུ་རནམ་ད་ མི་སེར་གྱི་རྩ་བར་འོང་མི་དེ་གིས་ བློ་གཏད་དང་ ཡིད་ཆེས་འཐོབ་ནི་ལུ་ ཕན་མི་ཐོགས་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༨༥ ཐོབ་ཡོདཔ་བཞིན་དུ་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༥༠ ཐོབ་ཡོདཔ་ད་ ཚོགས་པ་༢ ཆ་ར་ ཚོགས་རྒྱན་ས་ཁོངས་ གཅིག་ནང་ལས་ཡང་ རྒྱལ་ཁ་འཐོབ་མ་ཚུགསཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁ་སྟད་རྒེད་འོག་གི་ ཚོགས་རྒྱན་ས་ཁོངས་ནང་ལས་ ཚོགས་རྒྱན་ཉུང་ཤོས་དང་ ཀུན་མཉམ་ཚོགས་པ་གིས་ ལུང་མགོ་སྤྱི་འོག་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་ཉུང་ཤོས་ཐོབ་ཡོདཔ་ཨིན་པས།

མཉམ་རུབ་ཚོགས་པ་དང་ ཕུན་སུམ་ཚོགས་པ་གིས་ ལ་ཡ་རྒེད་འོག་ནང་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ དམ་ཆོས་བཟང་མོ་གིས་ སླབ་མིའི་ནང་ མི་སེར་ཚུ་དང་འཕྱད་ནི་དང་ ངན་ལྷད་མར་ཕབ་འབད་ནིའི་སྐོར་ལས་ ཚོགས་པའི་དམིགས་ཡུལ་བཤད་ནིའི་ནང་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ མི་ཚུ་གིས་ ངན་ལྷད་ཟེར་བའི་བསྒང་ལས་ གོ་བ་སོ་སོར་ལེན་དོ་ཡོདཔ་མ་ཚད་ མང་ཤོས་ར་ འདྲོགཔ་མས་ཟེར་ཨིནམ་ད་ ང་བཅས་ཀྱིས་ ལྷག་བསམ་རྣམ་དག་གི་སྒོ་ལས་འབད་ཡོདཔ་ལས་ ང་བཅས་ཀྱི་ གྲུབ་འབྲས་སྦོམ་ཤོས་ཨིན་ཟེར་ཨིན་པས།

ཁ་སྨད་-ལུང་ནག་ནང་འདེམས་ཁོངས་ནང་ མི་སེར་དམངས་གཙོ་ཚོགས་པ་གི་ ཚོགས་རྒྱན་ས་ཁོངས་༧ ཡོད་པའི་གྲས་ལས་༦ ནང་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་དེ་ནང་ ཚོགས་རྒྱན་བཙུགས་མི་མང་ཤོས་ཡོད་པའི་ ཐང་ཟ་ཚོགས་རྒྱན་ས་ཁོངས་ནང་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་པདྨ་གྲགས་པ་དེ་ འདེམས་ཁོངས་དེ་ནང་ ཚོགས་རྒྱན་བསྡོམས་༣༣༩ ཐོབ་ཡོདཔ་ལས་ འགྲེམ་ཐོག་དང་ འཕྲུལ་ཆས་ཚོགས་རྒྱན་༢ ཆ་རའི་ནང་ མཐོ་ཤོས་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པ་གི་ ཚོགས་རྒྱན་ཡོངས་བསྡོམས་༡༩༨ ཐོབ་སྟེ་ མཐོ་ཤོས་༢ པ་ཨིན་པས།

ཡེ་ཤེས་སྒྲོལ་མ་གིས་ སླབ་མིའི་ནང་ ལུང་ནག་ནང་ལུ་ འགོ་ཐོག་བཙག་འཐུ་སྐབས་ མི་ཚུ་གིས་ ཚོགས་པའི་གཙོ་འཛིན་གྱི་ སྐོར་ལས་ ཤེས་དོ་ཡོདཔ་ལས་ ཁོ་ལུ་དམིགས་གཏད་བསྐྱེད་དེ་ ཚོགས་རྒྱན་བཙུགས་ནུག་ཟེར་ཨིནམ་ད་ ཨམ་སྲུའི་འདེམས་ངོ་གིས་ ས་གནས་མཐའ་ཟུར་ཚུན་ སྐུལ་བསྒྲགས་འབད་བར་འོང་མི་ལུ་ ངོས་ལེན་དང་ རྒྱབ་སྐྱོར་འདུག་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ སྤྱིར་བཏང་བཙག་འཐུའི་སྐབས་ མོ་རའི་རྒེད་འོག་ནང་ལས་ རྒྱབ་སྐྱོར་སྦོམ་ཡོད་པའི་ ཐེ་ཚོམ་མེད་པའི་ཁར་ ལུང་ནག་ནང་ལས་ཡང་ རེ་བ་དེ་སྦེ་ར་ བསྐྱེད་དོ་ཟེར་ཨིནམ་ད་ མོ་གིས་ མོ་རའི་རྒེད་འོག་ནང་ལས འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་དང་པ་ཨིན་ཟེར་ཨིན་པས།

མགར་ས་རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༡༡ ཡོད་པའི་གྲས་ལས་ མི་སེར་དམངས་གཙོ་ཚོགས་པ་གི་ ཚོགས་རྒྱན་ས་ཁོངས་༨ དང་ མཉམ་རུབ་ཚོགས་པ་གི་༢ དེ་ལས་ ཕུན་སུམ་ཚོགས་པ་གིས་༡ ནང་ རྒྱལ་ཁ་ཐོབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *