མགར་ས་རྫོང་ཁག་ ཁ་སྟོད་རྒེད་འོག་ལྟེ་བའི་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༨༣ ཡོདཔ་ཨིན་པས།

མགར་ས་རྫོང་ཁག་གིས་ གཞུང་སྐྱོང་ཚོགས་པ་ལུ་ རང་འཇགས་བརྟེན་ཡོདཔ།

༉ ཁ་ཙ་སྤྱིར་བཏང་བཙག་འཐུའི་ནང་ འབྲུག་མཉམ་རུབ་ཚོགས་པའི་ མགར་ས་ཁ་སྟོད་-ལ་ཡའི་འདེམས་ངོ་ བསྟན་འཛིན་དང་ ཁ་སྨད་ལུང་ནག་ནང་གི་འདེམས་ངོ་ ཡེ་ཤེས་སྒྲོལ་མ་གཉིས་ཆ་ར་ རྒྱལ་ཁ་ཐོབ་ཡོདཔ་ལས་ རྫོང་ཁག་གིས་ ལོག་སྟེ་ར་ གཞུང་སྐྱོང་ཚོགས་པ་ལུ་ རང་འཇགས་རྒྱབ་བརྟེན་ལེན་ཡོད་པའི་ གསལ་སྟོན་བྱུང་ཡི།

འདེམས་ངོ་བསྟན་འཛིན་དང་ ཡེ་ཤེས་སྒྲོལ་མ་གཉིས་ཆ་ར་གིས་ འགྲེམ་ཐོག་ཚོགས་རྒྱན་༨༩ རེ་ འདྲ་མཉམ་སྦེ་ཐོབ་ཡོདཔ་ད་ རིམ་པ་བཞིན་ འགྲེམ་ཐོག་ཚོགས་རྒྱན་༦༦ དང་༤༡ རེ་གིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ འདེམས་ངོའི་ངོ་ཚབ་དང་ ལས་བྱེད་འགོ་དཔོན་ཚུ་ གྲངས་རྩིས་ལྟེ་བའི་ནང་ ཚོགས་རྒྱན་གྱི་ གྲུབ་འབྲས་ལུ་བལྟ་སྟེ་ ཧ་ལས་དགོཔ་བྱུང་ནུག།

འདེམས་ངོ་བསྟན་འཛིན་གྱི་དོན་ལུ་ ཚོགས་རྒྱན་གྱི་ གྲུབ་འབྲས་དེ་ ཚོགས་རྒྱན་གྱི་ཉིནམ་ཧེ་མའི་ནང་ ལ་ཡ་ལས་ལྷོད་ཡོདཔ་ད་ རྫོང་ཁག་བཙག་འཐུའི་ཡིག་ཚང་ལས་ གསལ་སྟོན་འབད་མི་ སྔོན་འགྲོའི་གྲུབ་འབྲས་དང་འཁྲིལཝ་ད་ འདེམས་ངོ་བསྟན་འཛིན་གྱིས་ ཚོགས་རྒྱན་བསྡོམས་༡,༠༢༣ ལས་༥༨༨ ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ འགྲེམ་ཐོག་ཚོགས་རྒྱན་ལས་༨༩ དང་ འཕྲུལ་ཆས་ཚོགས་རྒྱན་ལས་༤༩༩ གིས་ རྒྱལ་ཁ་ཐོབ་ནུག།

བསྟན་འཛིན་གྱིས་ བཙག་འཐུའི་བྱ་རིམ་ནང་ ལན་ཐེངས་གསུམ་ བཅའ་མར་གཏོགས་པའི་ཤུལ་ལུ་ ཁ་ཙ་རྐྱངམ་གཅིག་ སྤྱི་ཚོགས་ནང་ ཁོ་རའི་དོན་ལུ་ སྡོད་ཁྲིའི་ཐོབ་སྐལ་བྱུང་ནུག། ཉམས་མྱོང་ཅན་གྱི་ འདེམས་ངོ་དེ་ ལ་ཡ་ལུ་ ཁོ་རའི་བློ་གཏད་དང་ མི་སྡེའི་ཞབས་ཏོག་ལུ་བརྟེན་ ངོ་ཤེས་འདྲིས་ཤེས་ཅན་ལུ་ ངོས་འཛིན་བྱུང་ནུག།

ཚོགས་རྒྱན་གྱི་ཉིན་མར་ ཉིན་ཕྱེད་ཀྱི་ སྔ་ཆའི་ནང་ གནམ་གཤིས་ཀྱི་གནས་སྟངས་ ལེགས་ཤོམ་ཡོདཔ་ལས་ དྲོ་པའི་ཆུ་ཚོད་༨ ལས་ར་ ཚོགས་རྒྱན་སྐྱུར་མི་ཚུ་ལྷོད་ནི་ འགོ་བཙུགས་ཡོདཔ་ད་ མགར་ས་སྨད་ཕྱོགས་ཀྱི་ ཚོགས་རྒྱན་སྐྱུར་མི་ མང་ཤོས་ཅིག་ ཉིན་ཕྱེད་ཀྱི་ཧེ་མ་ལས་ར་ ཚོགས་རྒྱན་བཙུགས་ཚར་ནུག།

ཁ་སྟོད་-ལ་ཡ་འདེམས་ཁོངས་ལས་ འདེམས་ངོ་བཅོ་ལྔ་ཟླ་བ་ རྒྱལ་ཁ་ཐོབ་མ་ཚུགས་མི་བརྩིསཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱི་ལོ་༢༠༠༨ ལས་འགོ་བཟུང་ འདེམས་ཁོངས་དེ་ནང་ལས་ ལན་ཐེངས་གཅིག་ཡང་ རྒྱལ་ཁ་ཐོབ་མ་ཚུགས་པས། ཁ་སྨད་-ལུང་ནག་ནང་གི་ མང་སེར་ཚུ་གིས་ སྤྱི་ལོ་༢༠༠༨ ལས་ར་ གཞུང་སྐྱོང་ཚོགས་པ་ལུ་ འཕྲོ་མཐུད་བརྟེན་ནིའི་ གདམ་ཁ་རྐྱབ་ནུག།

མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་གིས་ འདས་པའི་གནས་ཡུན་གཉིས་ཀྱི་རིང་ ལྡོག་ཕྱོགས་དང་ གཞུང་སྐྱོང་ནང་ ཁ་སྟོད་-ལ་ཡའི་ འཐུས་ཚབ་སྦེ་ ཕྱག་ཞུ་ནུག། འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་གིས་ ལན་ཐེངས་གསུམ་གྱི་རིང་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ཡོདཔ་ད་ ཚོགས་པ་གིས་ འདེམས་ཁོངས་དེ་ནང་ལས་ ལན་ཐེངས་གསུམ་གྱི་རིང་ རྒྱལ་ཁ་ཐོབ་མ་ཚུགས་པས།

ཁ་སྨད་ལུང་ནག་ནང་ལས་ སྐྱེས་ལོ་༤༨ ལང་མི་ པ་སངས་ཀྱིས་ བཤད་མིའི་ནང་ འདས་པའི་གཞུང་གིས་ ཁོང་རའི་ཁས་བླངས་མང་ཤོས་ཅིག་ གྲུབ་ཡོདཔ་བཞིན་དུ་ ད་རིས་གསརཔ་འོང་མི་ གཞུང་དང་ འདེམས་ངོ་གིས་ཡང་ ཁོང་གི་དོན་ལུ་ ཁས་བླངས་འབད་མི་ཚུ་ འགྲུབ་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ འདེམས་ངོ་གཉིས་ཆ་རའི་ཁས་བླངས་ འགྲུབ་ཚུགསཔ་འབད་དགོཔ་ ཁག་ཆེ་ཟེར་ཨིནམ་ད་ ཁོ་གིས་ རྒྱལ་ཁབ་དང་ མི་སེར་གཉིས་ཆ་རའི་ སྐྱིད་སྡུག་གི་གནས་སྟངས་ ཧ་གོ་ཚུགས་མི་འདེམས་ངོ་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།

ཁ་སྨད་-ལུང་ནག་ན་གིས་ མཉམ་རུབ་ཚོགས་པའི་འདེམས་ངོ་ ཡེ་ཤེས་སྒྲོལ་མ་དེ་ ལུང་ནག་ནང་ལས་ མོ་རའི་དོ་འགྲན་པ་ དོན་གྲུབ་ལས་ རྒྱལ་ཁ་ཐོབ་ཚུགསཔ་བཟོ་སྟེ་ སྤྱི་ཚོགས་གསུམ་པའི་ནང་ འདེམས་ངོ་སྦེ་ བཅའ་མར་གཏོགས་མི་ ཨམ་སྲུ་༢ ལས་ གཅིག་བཙག་འཐུ་གྲུབ་ཚུགས་པའི་ ཕན་གྲོགས་འབད་ཡོད་པའི་ མངོན་གསལ་བྱུང་ཡི།

སྔོན་འགྲོའི་གྲུབ་འབྲས་དང་འཁྲིལཝ་ད་ ཡེ་ཤེས་སྒྲོལ་མ་གིས་ མོ་རའི་དོ་འགྲན་པ་ལས་ འཕྲུས་ཆས་ཚོགས་རྒྱན་༡༧ དང་ འགྲེམ་ཐོག་ཚོགས་རྒྱན་༤༡ ཐེབས་ཐོབ་སྟེ་ རྒྱལ་ཁ་ཐོབ་ནུག།

ཁ་སྨད་-ལུང་ནག་ནང་གི་ ཚོགས་རྒྱན་གྱི་ཉིན་མར་ མགར་ས་ལས་ ཨམ་སྲུ་འདེམས་ངོ་ གཞོན་ཤོས་ཅིག་ བཙག་འཐུ་གྲུབ་མི་ ཡེ་ཤེས་སྒྲོལ་མ་གིས་ མི་མང་མཐུན་འབྲེལ་ལས་རོགས་པའི་ ལཱ་འགན་གྱི་ ཉམས་མྱོང་ཐོག་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་ནི་ཨིན་པས།

འདེམས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༡,༠༤༡ ཡོད་མི་ལས་༧༨༠ གིས་ ཚོགས་རྒྱན་ས་ཁོངས་༧ བརྒྱུད་དེ་ ཚོགས་རྒྱན་བཙུགས་ནུག།

མགར་ས་ལུ་ འོས་འབབ་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༢,༠༦༤ ཐོ་བཀོད་འབད་ཡོད་ས་ལས་ ཚོགས་རྒྱན་སྐྱུར་མི་ ༡,༧༠༠ གིས་ ཚོགས་རྒྱན་བཙུག་པར་ འོང་ཡོདཔ་ལས་ འགོ་ཐོག་བཙག་འཐུ་དང་ཕྱདཔ་ད་༣༨༧ ཡར་སེང་སོང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཀརྨ་བསྟན་འཛིན།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *