མགར་ས་གིས་ རྒྱལ་འཛིན་ལ་ཁའི་དགའ་སྟོན་ཐེངས་༣ པའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༉ མགར་ས་རྫོང་ཁག་ ལ་ཡ་སློབ་གྲྭ་ལྟེ་བ་ལས་ ཁས་བླངས་པ་སྡེ་ཚན་ཅིག་གིས་ མི་སྡེའི་ནང་ ཡལ་ཉམས་འགྱོ་དོ་ཡོད་མི་ ས་གནས་ཀྱི་ གྱོན་ཆས་དང་ ཐགས་རིགས་དག་པ་ཅིག་ འགྲེམས་སྟོན་འབད་ནིའི་དོན་ལུ་ སྤྱི་ཟླ་༩ པ་ལས་ཚུར་ གྲ་སྒྲིག་འབད་ནི་ འགོ་བཙུགས་ནུག།

ན་གཞོན་སྡེ་ཚན་གྱིས་ ལ་ཡ་པའི་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅིག་ཨིན་མི་ འབོད་ལོ་དང་ཆ་འདྲཝ་སྦེ་ཡོད་མི་ ཀོང་ཞྭ་༧ དང་ ཞོམ་ཟེར་མི་ སྨད་གོས་༣ ཐགས་ཡོདཔ་མ་ཚད་ ཧ་གནཧ་ཀྱི་ ལག་བཟོའི་ཐོན་སྐྱེད་ལས་བརྟེན་ དྲན་རྟེན་ཚུ་ བཟོ་ཡོདཔ་ད་ ཐོན་སྐྱེད་དེ་ཚུ་ སྤྱི་ཟླ་༡༠ པའི་ཚེས་༢༣ དང་༢༤ ལུ་ ལ་ཡའི་ས་གནས་ གླང་མགོ་ཐང་ལུ་ རྒྱལ་འཛིན་ལ་ཁའི་དགའ་སྟོན་ཐེངས་༣ པ་བརྩི་སྲུང་འབདཝ་ད་ འགྲེམས་སྟོན་འབད་ནི་ཨིན་པས།

ལ་ཡ་བཟུམ་མའི་ ས་ཁ་མཐོ་སའི་ མི་སྡེའི་ནང་ གོང་འཕེལ་དང་ འགྱུར་བ་གསརཔ་ལུ་བརྟེན་ ཁོང་གི་ ལུགས་སྲོལ་དང་ སྔར་སྲོལ་ལམ་ལུགས་ལུ་ ཐོ་ཕོག་དོ་ཡོདཔ་ད་      ཀོང་ཙེའི་དབྱིབས་སྦེ་ཡོད་མི་ ཀོང་ཞྭ་དེ་ དུས་ཚོད་ཁྱད་པར་ཅན་གྱི་སྐབས་ལུ་མ་གཏོགས་ གྱོན་སྲོལ་མེདཔ་མ་ཚད་གྱོན་རུང་ རྒན་རྒས་རྐྱངམ་གཅིག་གིས་ གྱོནམ་ཨིན་པས།

རྒྱུ་གཡག་གི་སྤུ་ལས་ འཐག་སྲོལ་ཡོད་མི་ སྨད་གཡོག་དེ་ ཨམ་སྲུ་མང་ཤོས་ཅིག་གིས་ འཐག་ཤེས་དོ་ཡོད་རུང་ ཐགས་ཀྱི་ཧང་སྐུད་ བཟོ་ཤེས་མི་གངམ་མེད་པའི་ཁར་ བལ་སྐུད་འཇམ་ཏོང་ཏོ་སྦེ་ ཐོབ་མ་ཚུགས་མི་ལུ་བརྟེན་ བལ་སྐུད་ཚུ་ ནང་འདྲེན་འབདཝ་ཨིན་པས།

ཁས་བླངས་པ་ཚུ་གིས་ ཀོང་ཞྭ་དང་ རང་ལུགས་ཀྱི་སྨད་གོས་འཐག་ནི་ དེ་ལས་ གཡག་སྤུ་ཚུ་ལས་ དྲན་རྟེན་བཟོ་ནིའི་ རིག་རྩལ་ལྷབ་ནིའི་དོན་ལུ་ ཟླཝ་༡ འགོར་ཡོདཔ་ད་ ལ་ཡ་ལུ་ ཀོང་ཞྭ་འཐག་མི་༢ ཡོད་མི་ལས་༡ གིས་ སློབ་ཕྲུག་ཚུ་ལུ་ འཐག་ཐངས་སྐོར་ སྟོན་བྱིན་ཡོདཔ་ཨིན་པས།

ལ་ཡ་སློབ་གྲྭ་ལྟེ་བའི་ སློབ་དཔོན་དང་ ན་གཞོན་ཁས་བླངས་སྡེ་ཚན་གྱི་ འགོ་འདྲེན་པ་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ འགྲེམས་སྟོན་གྱི་ དམིགས་ཡུལ་དེ་ དགའ་སྟོན་སྐབས་ མི་ཚུ་ལུ་ ས་གནས་ཀྱི་ ཐོན་སྐྱེད་དང་ གྱོན་ཆས་ཚུ་ གོང་འཕེལ་དང་ ཤེས་རྟོགས་ཡོདཔ་བཟོ་ཟབས་ལུ་ཨིན་ཟེར་ཨིན་པས།

ད་རེས་ནངས་པར་ ས་གནས་ཀྱི་ ལམ་སྲོལ་དང་ ངོ་རྟགས་ཚུ་ལུ་ གཙོ་རིམ་མི་བཟུང་པས་ཟེར་ ཁོ་གིས་ བཤད་པའི་ཁར་ འགྲེམས་སྟོན་དེ་གི་ཐོག་ལས་ མི་སྡེ་གིས་ ཁོང་རའི་ ལམ་སྲོལ་དང་ གཞན་དང་མ་འདྲ་བའི་ ངོ་རྟགས་ཚུ་ གལ་ཆེ་བའི་སྐོར་ ཧ་གོ་ནི་དང་ ན་གཞོན་ཚུ་གིས་ རང་གི་ལུགས་སྲོལ་དང་ ཁྱད་ཆོས་ཚུ་ ཉམས་སྲུང་གི་དོན་ལུ་ བློ་སྟོབས་བསྐྱེད་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།

ལ་མཐོ་སའི་ ལོ་བསྟར་དགའ་སྟོན་དེ་ནང་ འབྲུག་རྒྱལ་ཁབ་ཀྱི་ ས་ཁ་མཐོ་སའི་ ས་གནས་གཞན་ཚུ་གི་ མི་ཚུ་ཡང་ སྤུངས་འཛོམས་ཐོག་ རང་སོའི་གོམས་གཤིས་དང་ ལམ་སྲོལ་གོང་འཕེལ་བཏངམ་ཨིན་པས།

རྒྱལ་འཛིན་ལ་ཁའི་དགའ་སྟོན་དེ་ མགར་ས་རྫོང་ཁག་གིས་ སྤྱི་ལོ་༢༠༡༦ ལུ་ མི་དབང་རྒྱལ་སྲས་སྐུ་འཁྲུངས་མི་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༦༠ བཞེས་པའི་འཁྲུངས་སྟོན་ དེ་ལས་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ ཆིབས་ཁ་ལྷོ་ལུ་འགྱུར་ཏེ་ མི་ལོ་༤༠༠ འཁོར་བའི་ དུས་སྟོན་གསུམ་འཛོམས་ བརྩི་སྲུང་གི་དོན་ལུ་ འགོ་བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *