༉ དུས་ཅི་ སྤྱི་ཟླ་༣ པའི་ནང་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ས་ཁོངས་ནང་ རྡོ་རྫས་བཀལ་བའི་ གཏོར་བཏང་མི་ རྡོ་ཅིག་གིས་ ཞིང་ནང་ལཱ་འབད་སྡོད་མི་ དབང་མོ་ལུ་ ཕོག་ནི་ར་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༥༨ ལང་མི་ དབང་མོ་དེ་ བཀྲིས་གཡང་རྩེ་ ཁམས་དྭངས་རྒེད་འོག་ དཀོན་མཆོག་གླིང་ལས་ཨིནམ་ད་ མོ་གིས་ སླབ་མིའི་ནང་ རྡོ་རྫས་གས་པའི་སྐབས་ སྐད་ཤུགས་སྦེ་རྐྱབ་པའི་ཤུལ་ལས་ ས་གསིག་ནི་འདུག་ཟེར་ཨིན་པས།
དེ་བསྒང་ རྫས་བམ་གས་པའི་ སྐད་ཤུགས་རྐྱབ་པའི་ཤུལ་ལས་ རྡོ་ཆུང་ཀུ་ཅིག་གིས་ མོ་ལུ་ཕོག་ནི་ར་ འབད་ཡོདཔ་མ་ཚད་ ལོ་༥ དེ་ཅིག་གི་ཧེ་མ་རྐྱབ་མི་ མོ་གི་ཁྱིམ་གུ་ སེར་གུ་ལེ་ཤ་ ཐོན་ཡོདཔ་ཨིན་པས།
རྡོ་རྫས་ལག་ལེན་འཐབ་མི་ལུ་བརྟེན་ དབང་མོ་བཟུམ་སྦེ་ དཀོན་མཆོག་གླིང་གཡུས་ཚན་གྱི་ ཁྱིམ་གུང་པ་༣༠ ལུ་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་ཨིན་པས།
ཧེ་མ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ ཆགས་དོ་ཟེར་ གནས་ཚུལ་གོ་བའི་སྐབས་ ལས་འགུལ་ལུ་བརྟེན་ གཡུས་ཚན་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ ས་གནས་ཀྱི་ མི་སེར་ཚུ་ རེ་བ་བསྐྱེད་སྡོད་རུང་ ད་རེས་འབད་བའི་བསྒང་ལས་ ཁེ་ཕན་མེན་པར་ གནོད་པ་འདུག་ཟེར་ དབང་མོ་གིས་ བཤདཔ་ཨིན་པས།
དབང་མོ་བཟུམ་ ས་གནས་ཀྱི་ མི་ཚུ་གིས་ ཁྱིམ་རྐྱབ་མི་དེ་ ཁང་གླར་སྤྲོད་ནི་ལུ་དམིགས་ཏེ་ཨིནམ་ད་ ད་རེས་ ལས་འགུལ་ལུ་བརྟེན་ ཚོད་བསྲེ་དང་ ཤིང་འབྲས་ཀྱི་ རིགས་ཚུ་ཡང་ ལེ་ཤ་ར་ མེདཔ་བཏང་ཡོདཔ་ཨིན་པས།

དཀོན་མཆོག་གླིང་གཡུས་ཚན་དེ་ ཆུང་དུང་སེལ་ནིའི་དོན་ལུ་ ལམ་སེལ་སའི་ ས་ཁོངས་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ ས་ཁར་ཡོདཔ་ལས་ རྡོ་རྫས་བཀལ་བའི་སྐབས་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་པས།
གཡུས་ཚན་གྱི་ ལྷ་ཁང་ཅིག་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ ཚོགས་པ་བགྲེསཔ་ རྡོ་རྗེའི་ཁྱིམ་གུ་ལུ་ཡང་ སེར་གུ་ལེ་ཤ་ཐོན་པའི་ཁར་ སྒོ་ཡང་རམ་སོང་ནུག།
གཡུས་མི་མགོནམ་རྡོ་རྗེ་གིས་ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ རྡོ་རྫས་ལག་ལེན་འཐབ་པའི་སྐབས་ ཁོང་ལུ་ གནོད་པ་བྱུང་ཡོད་མིའི་སྐོར་ལས་ ཞུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གས་རྫས་ལག་ལེན་འཐབ་མི་ ཁག་འབགཔ་ལས་སྡེ་༢ ཀྱིས་ རྡོ་རྫས་བཀལ་ཤེས་མི་ ངོ་སྦྱོར་ཅན་གྱི་ མི་ངོ་ཚུ་ མ་བཙུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་བཟོ་སྐྲུན་ལས་སྡེ་དང་ སེངྒེ་ལས་སྡེ་༢ ཀྱིས་ རྡོ་རྫས་བཀལ་མི་ ཉམས་མྱོང་མེད་མི་ཚུ་ བཙུགས་མི་ལུ་བརྟེན་ གྲོང་ཁྱིམ་དང་ ས་ཞིང་ལུ་ཚུ་ལུ་ གནོད་སྐྱོན་ རྐྱབ་མས་ཟེར་ཨིན་པས།
མཁོ་ལོང་ཆུ་ལས་འགུལ་གྱི་ མཉམ་འབྲེལ་འཛིན་སྐྱོང་མདོ་ཆེན་ དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ ཁྱིམ་གུ་སེར་གུ་ཐོན་མི་ཚུ་ རྡོ་རྫས་ལག་ལེན་འཐབ་མི་ཚུ་ལུ་བརྟེན་ཨིན་ན་མེན་ན་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་ནིའི་དོན་ལུ་ སྡེ་ཚན་ཅིག་ བཟོ་ནི་ཟེར་ཨིན་པས།
རྡོ་རྫས་གས་མི་དེ་གིས་ གཡུས་ཚན་ལུ་ བྱ་སྟབས་མ་བདེཝ་བཟོ་ཡོདཔ་ལས་ བཟོ་སྐྲུན་ལས་སྡེ་ཚུ་གིས་ ལཱ་ཚུ་ དྲན་པ་བཏོན་ཏེ་འབད་དགོཔ་སྦེ་ དྲན་གསོ་འབད་དོ་ཟེར་ དཀོན་མཆོག་རྡོ་རྗེ་གིས་ བཤདཔ་ཨིན་རུང་ རྡོ་རྫས་བཀལ་མི་ཚུ་ ཉམས་མྱོང་མེད་པའི་སྐོར་ལས་ ག་ཅི་ཡང་སླབ་མ་བཏུབ།
གལ་སྲིད་ དཀའ་ངལ་དེ་ལུ་ གདོང་ལེན་མ་འབད་བ་ཅིན་ དེ་གིས་ ཧེང་སྐལ་ར་ མི་དང་ཁང་ཁྱིམ་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་འབྱུང་ནིའི་ ཚ་གྱང་ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།