༉ ལྷུན་རྩེ་མཁོ་མ་གཡུས་ཚན་གྱི་ མཇུག་ལུ་ཡོད་པའི་ལྷ་ཁང་དེ་ ག་གིས་བཞེངས་ཡོདཔ་ཨིན་ན་ ངེས་ཏིག་སྦེ་ མ་ཤེསཔ་ཨིན་རུང་ ད་རེས་ནངས་པར་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་པས།
ལྷ་ཁང་དེ་ནང་ གཡུས་མི་ཚུ་གིས་ ལོ་བསྟར་བཞིན་དུ་ རང་ཟླ་༣ པ་དང་ ཟླ་༦ པའི་ནང་ ཕུད་མཆོད་འཕུལ་ནི་དང་ གནས་པོའི་གསོལ་ཁ་ཚུ་ ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་པའི་སྐབས་ ས་གོ་ཆུང་ནི་དེ་གིས་ མི་མ་ཤོང་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
ཨིན་རུང་ དུས་ཅི་ རྒེད་འོག་གནང་བྱིན་མ་དངུལ་ཐོག་ལས་ ལྷ་ཁང་གི་ཟུར་ཁ་ལས་ ཐོག་ཚད་༢ འབད་མི་ མཆོད་ཁང་༡ རྐྱབ་དོ་ཡོད་མི་དེ་གིས་ མི་མ་ཤོང་པའི་དཀའ་ངལ་ སེལ་ཚུགས་ནི་ཨིན་པས།
ལྷ་ཁང་གི་ ཤིང་ཆས་ཚུ་ རྙིངམ་ཐལ་ནི་དེ་གིས་ ཚེས་བཅུའི་སྐབས་ མི་ལྟེམ་ལྟེ་སྦེ་སྡོདཔ་ད་ རམ་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ དེ་ཡང་ ཉམས་བཅོས་འབད་དགོཔ་ཡོད་ཟེར་ སྐྱེས་ལོ་༥༢ ལང་མི་ འཆི་མེད་གཡུ་སྒྲོན་གྱིས་ སླབ་ཨིན་པས།
ས་གནས་ཀྱི་ རྒན་རྒས་ཚུ་གིས་ སླབ་མིའི་ནང་ ལྷ་ཁང་དེ་ ཉམས་བཅོས་མ་འབད་བར་ ལོ་ངོ་༤༠༠ ལྷགཔ་ཅིག་ ལང་ཡོདཔ་སྦེ་ བཤད་སྲོལ་འདུག་ཟེར་ ཨིན་པས།
ས་གནས་ནང་ ཚོང་ཁང་བཙུགས་སྡོད་མི་ རྡོ་རྗེ་དབང་ཕྱུག་གིས་འབད་བ་ཅིན་ ལོ་ངོ་༤༠༠ གི་ཧེ་མར་ བླམ་ཞང་ཟེར་མི་གིས་ ལྷ་ཁང་བཞེངས་གནང་པའི་ཁར་ ནང་རྟེན་ཚུ་ཡང་ བཙུགས་གནང་ཡོདཔ་ཨིན་རུང་ དེའི་སྐོར་ལས་ ཁ་གསལ་ཅིག་ གཡུས་མི་ག་གིས་ཡང་ མི་ཤེས་པས་ཟེར་ཨིན་པས།
སྐྱེས་ལོ་༣༠ལང་མི་ བཀྲིས་ཚེ་རིང་གིས་ སླབ་མིའི་ནང་ ལྷ་ཁང་གི་གནསཔོ་དེ་ སེངྒེ་རྫོང་ལས་ ཁ་མར་བལྟ་འོང་པའི་སྐབས་ ཁོ་རའི་ ལུང་བསྟན་དང་འཁྲིལ་ ད་ལྟོ་ ལྷ་ཁང་ཡོད་སའི་ ས་གནས་དེ་ནང་ གདན་ས་བཅགས་ཡོདཔ་སྦེ་ཨིན་པས།
ལྷ་ཁང་དེ་ནང་ རྟེན་གཙོ་བོ་ གཡག་ནག་རྟིང་དཀར་ཟེར་མི་ གནས་བདག་གི་ སྐུ་འདྲ་ཅིག་ ཡོདཔ་ཨིན་པས།
གལ་སྲིད་ གཡུས་ཚན་ནང་ ཆར་ཆུ་མེད་པའི་སྐབས་ ཆརཔ་ཕབ་ནིའི་དོན་ལས་ གནས་བདག་ལུ་ གསོལ་ཁ་ཕུལཝ་ད་ ཆརཔ་རྐྱབ་ནི་ཡོདཔ་མ་ཚད་ ལམ་ཐག་རིང་སར་ འགྲོ་འགྲུལ་འབདཝ་ད་ སྙན་དར་དང་ གསེར་སྐྱེམས་ཕུལ་བ་ཅིན་ རྐྱེན་བར་ཆད་ཚུ་ སེལ་ཚུགས་པའི་ཁར་ མནོ་དོན་འགྲུབ་མ་ཚུགས་པའི་ དཔེ་མི་སྲིད་ཟེར་ཨིན་པས།
དེ་འབདཝ་ལས་ དུས་ཅི་ རྒེད་འོག་གི་ འཆར་གཞི་དང་བསྟུན་ དངུལ་ཀྲམ་ས་ཡ་༡ ཟད་འགྲོ་བཏང་སྟེ་ ལྷ་ཁང་རྒྱ་བསྐྱེད་རྐྱབ་ནི་ཨིན་པས།
ཤིང་བཟོ་བོ་ ཀུན་བཟང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ལཱ་བརྒྱ་ཆ་༤༠དེ་ཅིག་ མཇུག་བསྡུ་ཡོདཔ་བཞིན་དུ་ ལྷག་ལུས་ལཱ་དེ་ ཟླཝ་༡ གི་ནང་འཁོད་ལུ་མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
མི་སྡེ་ཁག་འབགཔ་ ཀུན་བཟང་ཚེ་རིང་བརྩིས་ཏེ་ ཤིང་བཟོ་དང་ རྡོ་བཟོའི་ལཱ་འབད་མི་༡༡ ཡོདཔ་ཨིན་པའི་གནས་ཚུལ།
མཁོ་མ་ལས་ བཀྲིས་ཕུན་ཚོགས།