༉ ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ པདྨ་དགའ་ཚལ་མཁར་-གཡུ་རུང་གི་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ ཚེ་རིང་ཆོས་སྒྲོན་དང་ མོ་རའི་ངོ་ཚབ་ དེ་ལས་ ཚོགས་པའི་ལས་བྱེདཔ་ཚུ་གིས་ འདེམས་ཁོངས་ནང་ སྐུལ་བསྒྲགས་ཀྱི་ དུས་ཡུན་ལྷག་ལུས་ནང་ སྐུལ་བསྒྲགས་འབད་མ་ཆོགཔ་སྦེ་ བཀག་ཆ་འབད་ནུག།
དེ་ཡང་ འབྲུག་གི་བཙག་འཐུའི་རྩོད་རྙོགས་སེལ་ཐབས་བཅའ་ཡིག་དང་ སྒྲིག་གཞི་༢༠༡༨ ཅན་མའི་དོན་ཚན་༢༩.༢.༥ པ་དང་འཁྲིལ་ འདེམས་ངོ་གིས་ གོ་བ་བརྡ་ལོག་དང་ ཁག་འབྱེ་བའི་ གོ་བརྡ་ཚུ་གི་ཐོག་ མི་སྡེ་ནང་ འཁོན་སེམས་འབྱུང་ནི་ལས་ བཀག་ཐབས་ལུ་ དེ་འཕྲོ་ལས་ སྐུལ་བསྒྲགས་འབད་ནི་དེ་ བཀག་ཆ་་འབད་བའི་ བཀའ་རྒྱ་བཏོན་ནུག།
དེ་མ་ཚད་ ལྷན་ཚོགས་ཀྱིས་ ཚེ་རིང་ཆོས་སྒྲོན་ལུ་ ཉེན་བརྡ་དང་ རྒྱལ་ཡོངས་ལས་མིའི་ གླ་ཆའི་ཚད་གཞི་ཉུང་ཤོས་ཐོག་ ཉིན་གྲངས་༦༠འི་ ཉེས་ཆད་བཀལ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༠པའི་ཚེས་༥ ལུ་ འབྲུག་རྒྱང་བསྒྲགས་ཀྱི་ མི་མང་རྩོད་འགྲན་དངོས་མཐོང་མཇུག་བསྡུའི་ གསལ་བཤད་སྐབས་ལུ་ ཚེ་རིང་ཆོས་སྒྲོན་གྱིས་ མོ་རའི་ཚོགས་པ་གིས་ འབྲུག་པའི་མི་ཁུངས་ཨིན་པའི་ ཨའི་ཅིག་ལས་ འབྲུག་གི་མི་ཁུངས་མེན་མི་ ཨ་པའི་ཨ་ལོ་བརྩིས་ཏེ་ ཨ་པ་མེད་པའི་ ཨ་ལོ་སྐྱེས་ཡོད་མི་ཚུ་གི་ མི་ཁུངས་དང་འབྲེལ་བའི་ གནད་དོན་ཚུ་ བསལ་ནི་ཨིན་ཟེར་ སླབ་མི་ལུ་བརྟེན་ཨིན་པས།
ད་རུང་ མོ་གིས་ མི་སེར་ཚུ་ལུ་ དམིགས་བསལ་ཚོགས་པ་ཅིག་ལུ་ ཚོགས་རྒྱན་བཙུགས་དགོཔ་སྦེ་ ཆེ་མཐོའི་དབང་འཛིན་ཚུ་ལས་ བཀའ་རྒྱ་ཡོད་ཟེར་ བཙག་འཐུའི་བྱ་སྒོ་ནང་ བར་དཀྲོགས་འབད་དེ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་ཡོད་མི་འདི་ དོན་བཅུད་མེད་པའི་ ཉེས་འཛུགས་བཀོད་ནུག།
པདྨ་དགའ་ཚལ་རྫོང་ཁག་ བཙག་འཐུའི་འགོ་འདྲེན་སྤྱི་ཁྱབ་དང་ འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་༢ ཀྱིས་ འདེམས་ཁོངས་ཀྱི་ མི་མང་རྩོད་འགྲན་གྱི་ཤུལ་ལས་ དེ་འཕྲོ་ལས་ འདེམས་ངོ་ལུ་ མོ་རའི་གསལ་བཤད་དང་ ཁ་ཉེས་ཀྱི་ཐད་ ར་ཁུངས་བཀལ་དགོཔ་སྦེ་ ཡིག་ཐོག་ལུ་ བཏང་ཡོདཔ་ད་ དེ་ཡང་ མོ་གིས་ རྩོད་རྙོགས་སྦེ་ བཙུགས་ཡོདཔ་ལས་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཀྱི་ ལམ་ལུགས་དང་འཁྲིལ་ བདེན་རྫུན་ཕྱེ་བའི་སྐབས་ལུ་ཨིན་པས།
སྤྱི་ཟླ་༡༠པའི་ཚེས་༧ ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ལུ་ ཉོགས་བཤད་བཙུགས་མིའི་ནང་ ཚེ་རིང་ཆོས་སྒྲོན་གྱིས་ མི་མང་རྩོད་འགྲན་ནང་ མི་རྩིས་གནང་ནི་དེ་ མི་དབང་མངའ་ཞབས་མཆོག་གི་ ཁྱད་དབང་ཨིནམ་ལས་ འདི་བཟུམ་ཁས་བླངས་འབད་མི་དེ་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢ པའི་༡༦ ཁ་པ་དང་ བཙག་འཐུ་བཅའ་ཁྲིམས་གྱི་ དོན་ཚན་༥༢༥ པ་དང་ འགལ་བ་ཨིན་ཟེར་བཀོད་ནུག།
གྲོས་ཆོད་ནང་ འདེམས་ངོ་གིས་ བཙུགས་ཡོད་པའི་ རྩོད་རྙོགས་དང་ འབྲུག་མཉམ་རུབ་ཚོགས་པ་གིས་ མི་མང་རྩོད་འགྲན་ལུ་ གཞི་བཞག་སྟེ་ རྩོད་རྙོགས་བཙུགས་ཡོད་མི་ དེ་ལས་ མོ་གིས་ ཚུལ་མིན་གྱི་ གསལ་ཞུ་འབད་ཡོད་མི་ཚུ་གི་བར་ན་ གནད་དོན་ཚུ་ ཆ་འདྲཝ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ རྩོད་གཞི་དེ་གཅིག་སྦེ་ དང་ལེན་འབད་ནི་སྦེ་ ཆ་འཇོག་གྲུབ་མི་དེ་ཡང་ རྒྱུ་མཚན་ལྡན་པའི་གྲོས་ཆོད་ དུས་ཚོད་ཁར་ བྱིན་ཐབས་ལུ་ཨིན་ཟེར་བཀོད་ནུག།
འདེམས་ངོ་གིས་བཙུགས་མི་རྩོད་རྙོགས།
སྤྱི་ཟླ་༡༠པའི་ཚེས་༡ ལུ་ ཚེ་རིང་ཆོས་སྒྲོན་གྱིས་ རྫོང་ཁག་བཙག་འཐུའི་རྩོད་རྙོགས་ལས་སྡེ་ལུ་ བཙག་འཐུའི་ཉོགས་བཤད་ཁག་༢ བཙུགས་ཡོད་མིའི་ནང་ལས་ དང་པ་ དམག་མི་བགྲེསཔ་ཚུ་གི་ཁྲི་འཛིན་ དར་རྒྱས་དབང་ཕྱུག་གིས་ དམག་མི་བགྲེསཔ་ཚུ་ལུ་ ཆེ་མཐོའི་དབང་འཛིན་ལས་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་དགོ་པའི་ བཀའ་རྒྱ་ཡོད་ཟེར་ ཤན་ཞུགས་འབད་ཡོད་པའི་ ཉེས་འཛུགས་དེ་ པདྨ་དགའ་ཚལ་རྫོང་ཁག་རྩོད་རྙོགས་སེལ་ཐབས་ལས་སྡེ་གིས་ དབྱེ་ཞིབ་འབད་དེ་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེ་ལྟེ་བ་ལུ་ བཏང་ཡོདཔ་ཨིན་པས།
རྫོང་ཁག་རྩོད་རྙོགས་སེལ་ཐབས་ལས་སྡེའི་ ཞིབ་དཔྱད་ཚོགས་ཆུང་གིས་ རྩོད་རྙོགས་དང་འབྲེལ་བ་ཡོད་པའི་ མི་ངོ་ཕྱན་ན་རྡོ་རྗེ་དང་ བཀྲིས་ཟླ་བ་ དར་རྒྱས་དབང་ཕྱུག་ རྡོ་རྗེ་ཆོས་གྲུབ་༤ ལུ་ འདྲི་རྩད་འབད་དེ་ ལེན་ཡོད་པའི་ ངག་བརྗོད་ཚུ་ལས་ བརྡ་སྟོན་བྱུང་ཡི་ཟེར་ཨིན་པས།
བཀོད་རྒྱ་ཟེར་མི་དེ་ཡང་ འབྱུང་ས་དྲག་ཤོས་དངོས་གྲུབ་ཟེར་མི་ཅིག་ཨིནམ་ད་ ཁོ་ཡང་ ཁྲི་འཛིན་དར་རྒྱས་དབང་ཕྱུག་དང་ ངོ་ཤེས་མི་ཅིག་མ་གཏོགས་ རྒྱལ་ཁབ་ནང་ གཏམ་སྙན་གྲགས་ ཡང་ཅིན་ གོ་གནས་ཆེ་བ་འཆང་སྟེ་ དམངས་གཙོའི་རིང་ལུགས་དོན་མེད་བཟོ་ཚུགས་པའི་ ནུས་སྟོབས་ཅན་མེན་པས་ཟེར་ གྲོས་ཆོད་ནང་བཀོད་ནུག།
བཀྲིས་ཟླ་བ་དང་ དར་རྒྱས་དབང་ཕྱུག་ རྡོ་རྗེ་ཆོས་གྲུབ་ཚུ་གིས་ ངག་བརྗོད་ཚུ་དང་འཁྲིལ་བ་ཅིན་ བཀའ་རྒྱ་སྦེ་མེན་པར་ ཞུ་བ་བཟུམ་སྦེ་ གོཝ་ཨིན་པའི་ཁར་ ཁོང་གིས་འབད་རུང་ གནས་ཚུལ་འདི་ ས་གནས་ཀྱི་ དམག་མི་བགྲེསཔ་ནང་འཁོད་རྐྱངམ་གཅིག་མ་གཏོགས་ འོས་མེད་ཤན་ཞུགས་སམ་ ནང་གསུག་ འཇིགས་སྐུལ་ འཇིགས་སྣང་ ཡང་ཅིན་ མཐུན་འགྱུར་འབད་ཡོད་པའི་ སྒྲུབ་བྱེད་མིན་འདུག་ཟེར་ཨིན་པས།
ཕྱག་ན་རྡོ་རྗེ་གིས་ བཀྲིས་ཟླ་བ་ལུ་ བཀོད་རྒྱའི་འདྲ་ ཡང་ཅིན་ བཀོད་རྒྱའི་ཨང་དགོཔ་སྦེ་ སླབ་པའི་སྐབས་ བཀྲིས་ཟླ་བ་གིས་ བཏོན་ནི་མེད་པར་ དར་རྒྱས་དབང་ཕྱུག་ལུ་ བརྒྱུད་འཕྲིན་བཏངམ་ད་ ཁོ་ལུ་ བཀོག་བཞག་ཟེར་ བརྒྱུད་འཕྲིན་ནང་ སླབ་ཡོད་མི་ལུ་བརྟེན་ ཕྱག་ན་རྡོ་རྗེ་ ཁོ་རའི་རང་དབང་གི་ གདམ་ཁ་ལུ་ འཇིགས་སྐྲག་དང་ ཨུ་ཚུགས་བསྐྱེད་ཡོདཔ་ མི་མཐོང་པས་ཟེར་ཨིན་པས།
བཙག་འཐུའི་འབྲི་ཤོག་ནང་ ཁ་གསལ་བཀོད་ཡོད་མི་དང་བསྟུན་ མངོན་རྟགས་ཀྱི་ འཁྲི་འགན་འདི་ རྩོད་རྩ་མོ་ར་ལུ་ ཕོག་ནི་དང་ དབྱེ་ཞིབ་ཚོགས་ཆུང་འདི་ གཙོ་བོ་ར་ རྩོད་རྩ་གིས་བཀོད་མི་ གནད་དོན་དང་ སྒྲུབ་བྱེད་ཚུ་ བདེན་དཔྱད་འབད་ནི་དེ་ཨིན་ཟེར་ བཀོད་ནུག།
དེ་འབདཝ་ལས་ མི་མང་ལུ་ ཆེ་མཐོའི་དབང་འཛིན་གྱི་ བཀའ་རྒྱ་ཐོག་ འོས་མེད་ཤན་ཞུགས་ཀྱི་ཁ་ཉེས་ དངོས་མཐོང་མི་མང་རྩོད་འགྲན་ནང་ བཀལ་ཡོད་མི་དེ་ གོ་བ་བརྡ་ལོག་ཨིན་པའི་ཁར་ འདེམས་ངོ་གིས་ ཉོགས་བཤད་བཙུགས་ཡོད་རུང་ མོ་གིས་ ཁྲིམས་ཀྱི་ བྱ་རིམ་ལུ་ སྣང་མེད་བསྐྱུརཝ་ཨིན་པས་ཟེར་ གྲོས་ཆོད་ནང་བཀོད་ནུག།
དེ་ལས་ གནད་དོན་གཉིས་པ་དེ་ ངན་སྔགས་རྐྱབ་ཐོག་ལས་ འཇིགས་སྐུལ་གྱི་ ཉེས་འཛུགས་བཙུགས་ཡོད་མི་དེ་ རྫོང་ཁག་རྩོད་རྙོགས་སེལ་ཐབས་སྡེ་གིས་ དབྱེ་ཞིབ་འབདཝ་ད་ གཞི་མེདཔ་སྦེ་མཐོང་ཡོདཔ་ལས་ སྙན་ཞུ་འབད་མི་ ཨམ་ཕོ་མེད་ལུ་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལཝ་ད་ ཚེ་རིང་ཆོས་སྒྲོན་གྱིས་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ བཙག་འཐུའི་ཚོགས་རྒྱན་གྲུབ་འབྲས་ གསལ་བསྒྲགས་འབད་བའི་ཉིནམ་ལས་ ཉིན་གྲངས་༡༠གྱི་ནང་འཁོད་ལུ་ མཐོ་གཏུགས་འབད་ཆོག་ནི་ཨིན་པའི་གནས་ཚུལ།