༉ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་གིས་ ཤེས་རིག་ལྷན་ཁག་ལུ་ མ་ལ་ཤི་ཡ་ལུ་ཡོད་མི་ འབྲུག་པའི་སློབ་ཕྲུག་༡༨ ཀྱི་མིང་དང་ ལམ་ཡིག་ཨང་ ཁོང་སྡོད་སའི་ཁ་བྱང་ དེ་ལས་ གྲུབ་ཐོབ་གྲོས་སྟོན་པའི་མཉམ་རོགས་ ར་བཱི་དང་ འབྲེལ་བ་འཐབ་ནི་གི་ ཁ་གསལ་ཚུ་དགོཔ་སྦེ་སླབ་ནུག།
དེ་ཡང་ ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ མ་ལ་ཤི་ཡ་ལུ་ སྐྱོད་ཐམ་གྱི་ དུས་ཚོད་རྫོགས་མི་ སློབ་ཕྲུག་ཚུ་ རྒྱལ་ཁབ་ནང་ ལོག་གཏང་ནི་ལུ་ ལྷན་ཐབས་དང་ ཆ་རོགས་འབད་དགོཔ་སྦེ་ ཕྱི་འབྲེལ་དྲུང་ཆེན་ བསོད་ནམས་ཚོང་ལུ་ ཡིག་ཐོག་གི་ ཞུ་བ་འབད་ནི་དེ་གིས་ཨིན་པས།
ཤེས་རིག་ལྷན་ཁག་གི་ ཡི་གུ་དེ་ ང་བཅས་ཀྱིས་ ཁ་ཙ་ཐོབ་རུང་ དེ་ནང་ རྒྱབ་སྐྱོར་དང་ ཆ་རོགས་ག་དེ་སྦེ་ འབད་ནི་ཨིན་ན་ ཁ་གསལ་མེདཔ་ལས་ སློབ་ཕྲུག་ཚུ་གི་མིང་དང་ ལམ་ཡིག་གི་ ཁ་གསལ་ཚུ་དགོཔ་སྦེ་ སླབ་ཅི་ཟེར་ ཕྱི་འབྲེལ་དྲུང་ཆེན་ བསོད་ནམས་ཚོང་གིས་ བཤདཔ་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ ཁ་གསལ་ཚུ་ ཐོབ་ཞིནམ་ལས་ ཕྱི་འབྲེལ་ལྷན་ཁག་གིས་ རྒྱ་གར་ནིའུ་ལྡི་ལི་ལུ་ མ་ལ་ཤི་ཡའི་ གཞུང་ཚབ་ལས་ཁང་ལུ་ ཕྱི་འབྲེལ་དོན་གཅོད་ཀྱི་ རྒྱུན་ལམ་ཐོག་ལས་ རོགས་རམ་འཚོལ་འོང་ཟེར་ཨིན་པས།
མ་གཞི་ ཤེས་རིག་དྲུང་ཆེན་གྱིས་ གྲོགས་རམ་གྱི་ ཡི་གུ་དེ་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ བྲིས་ཡོད་རུང་ འགྲེམ་ཐོག་ལས་ ཁ་ཙ་རྐྱངམ་གཅིག་ ཐོབ་ཡོདཔ་ད་ གནད་དོན་དེ་ གལ་ཅན་ཨིན་པ་ཅིན་ བརྒྱུད་འབྲེལ་གཞན་གྱི་ཐོག་ལས་ གཏང་དགོ་ཟེར་ ཕྱི་འབྲེལ་དྲུང་ཆེན་གྱིས་ ཀུན་གསལ་ལུ་ བཤདཔ་ཨིན་པས།
ཨིན་རུང་ སློབ་ཕྲུག་ཚུ་ རྒྱལ་ཁབ་ནང་ ག་དེ་མགྱོགས་མགྱོགས་དང་ ཉེན་སྲུང་ཐོག་ འོང་ཚུགསཔ་བཟོ་ནིའི་དོན་ལུ་ ལྷན་ཁག་གི་ ཁ་ཐུག་ལས་ རྩ་འགེངས་འོང་ཟེར་ བཤདཔ་ཨིན་པས།
ན་ལོན་དང་ ཆེ་རིམ་ཤེས་རིག་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལྷན་ཁག་གིས་ ཕྱི་འབྲེལ་ལྷན་ཁག་ལུ་ ཡི་གུ་བྲིས་དགོ་མི་དེ་ཡང་ མ་ལ་ཤི་ཡ་ལུ་ ཨམ་སྲུ་ན་གཞོན་༧ བརྩིས་ཏེ་ སློབ་ཕྲུག་༡༨ ཡོད་མིའི་ སྐྱོད་ཐམ་ཚུ་ སྤྱི་ཟླ་༦ པའི་ཚེས་༧ ལུ་ དུས་ཚོད་རྫོགས་ནི་དེ་གིས་ཨིན་པས།
སློབ་ཕྲུག་དེ་ཚུ་ ན་ཧིང་ ཐིམ་ཕུག་ལྕང་ཟམ་ཏོག་ལུ་ཡོད་མི་ གྲུབ་ཐོབ་ཤེས་རིག་གྲོས་སྟོན་དང་ གཡོག་གནས་ཚོང་སྡེ་བརྒྱུད་དེ་ རྒྱལ་ས་ ཀོ་ལ་ལམ་པུར་ལུ་ བིག་ཊོ་རི་ཡ་ རྒྱལ་སྤྱི་མཐོ་རིམ་སློབ་གྲྭའི་ནང་ མགྲོན་སྐྱོང་འཛིན་སྐྱོང་གི་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་དོན་ལུ་ ཐོ་བཀོད་འབད་དེ་ མ་ལ་ཤི་ཡ་ལུ་སོང་མི་ སློབ་ཕྲུག་༢༣ གྱི་གྲངས་སུ་ཨིནམ་ད་ གྲོས་སྟོན་ལས་སྡེ་ལུ་ སློབ་ཕྲུག་རེ་རེ་གིས་ སློབ་འཐུས་དང་ སྐྱོད་ཐམ་འཐུས་སྦེ་ དངུལ་ཀྲམ་༢༨༠,༠༠༠ རེ་དང་ དག་པ་ཅིག་གིས་ དངུལ་ཀྲམ་༢༥༠,༠༠༠ རེ་སྤྲོད་ཡོདཔ་ཨིན་པས།
ལས་སྡེའི་ཇོ་བདག་ འཆི་མེད་རིག་འཛིན་ནམ་ འཆི་མེད་སྒྲོལ་མ་གིས་ སློབ་ཕྲུག་ཚུ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ མ་ལ་ཤི་ཡ་ལུ་ ལྟ་བཤལ་པའི་ འཛུལ་ཞུགས་ཆོག་ཐམ་ཐོག་ལུ་ ཁྱིད་སོང་ཡོདཔ་ད་ ཤེས་རིག་ལྷན་ཁག་གི་ ཡི་གུ་ནང་ སློབ་ཕྲུག་ཚུ་ལུ་ དེ་གི་སྐོར་ལས་ བརྡ་དོན་མ་སྤྲོད་པས་ཟེར་བཀོད་ནུག།
སློབ་ཕྲུག་ཚུ་ མ་ལ་ཤི་ཡ་ལུ་ལྷོདཔ་ད་ སློབ་ཕྲུག་གི་ སྐྱོད་ཐམ་མེད་མི་ལུ་བརྟེན་ མཐོ་རིམ་སློབ་གྲྭ་ནང་ ཐོ་བཀོད་འབད་མ་ཚུགས་པའི་ཁར་ ཁང་མིག་ནང་ དེ་སྦེ་ར་སྡོད་དེ་ དུས་ཅི་ སྤྱི་ཟླ་༡ པའི་ནང་ ཟླཝ་ལངམ་ད་ ལྟ་བཤལ་པའི་ སྐྱོད་ཐམ་གྱི་ དུས་ཚོད་ཡང་ རྫོགས་སོ་ཡི་ཟེར་ རྒྱལ་ཁབ་ནང་ སློབ་ཕྲུག་༥ ལོག་འོང་མིའི་གྲས་ལས་ རྡོ་ལེགས་ཚེ་རིང་གིས་ བཤདཔ་ཨིན་པས།
དེ་ལས་ འཆི་མེད་རིག་འཛིན་གྱིས་ ཁོང་ཆ་ཁྱབ་ སློབ་ཕྲུག་གི་ སྐྱོད་ཐམ་བཟོ་བར་ ནིའུ་ལྡི་ལི་ལུ་ ལོག་འོང་དགོཔ་སྦེ་ སླབ་པའི་ཁར་ དེ་གི་དོན་ལུ་ ཉིན་གྲངས་༥ མ་གཏོགས་ མི་འགོར་ཟེར་ སླབ་ཡོདཔ་བཞིན་དུ་ སློབ་ཕྲུག་ཚུ་ ལྡི་ལི་ལུ་ལྷོད་དེ་ ཟླཝ་༢ ལངམ་ད་ ཁོང་གི་ སྐྱོད་ཐམ་ཚུ་ བཟོ་ཡོདཔ་ལས་ ཀཱོལ་ཀ་ཊ་བརྒྱུད་དེ་ མ་ལ་ཤི་ཡ་ལུ་ འགྱོ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་བསྒང་ སློབ་ཕྲུག་༥ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ཨིན་རུང་༡༨ མ་ལ་ཤི་ཡ་ལུ་ ལོག་སོངམ་ད་རྐྱངམ་གཅིག་ ཁོང་ལུ་ སྐྱོད་ཐམ་བྱིན་ཏེ་མེདཔ་ ཤེས་རྟོགས་བྱུང་ནུག།
ཡི་གུ་ནང་ འཆི་མེད་རིག་འཛིན་གྱིས་ སློབ་ཕྲུག་ཚུ་ གནམ་གྲུ་ཐང་ནང་ལེན་པར་ མ་ལ་ཤི་ཡ་ལུ་ཡོད་མི་ མོ་རའི་ངོ་ཚབ་ ར་བཱི་དེ་ བཏང་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ ཁང་ཚན་ཅིག་ནང་ སྡོད་བཅུག་ཡོད་རུང་ སྐྱོད་ཐམ་བཟོ་མ་ཚུགས་པས་ཟེར་བཀོད་ནུག།
སྤྱི་ཟླ་༥ པའི་བདུན་ཕྲག་དང་པའི་ནང་ ར་བཱི་གིས་ སློབ་ཕྲུག་ཚུ་གི་ ལམ་ཡིག་གུ་ དམིགས་བསལ་གྱི་ གནང་བ་ཡོད་པའི་ ཐིའུ་རྐྱབ་པའི་འཐུས་ མ་ལ་ཤི་ཡའི་རིང་གིཊ་༣,༢༠༠ འབདཝ་ད་ དངུལ་ཀྲམ་༥༡,༠༠༠ སྤྲོད་མི་དེ་ འཆི་མེད་རིག་འཛིན་ལས་ ཐོབ་བརྗོད་བཀོད་ཡོདཔ་ད་ ཁོ་གིས་ སློབ་ཕྲུག་ཚུ་གི་ ལམ་ཡིག་ཆ་མཉམ་འབག་སོང་ཡོདཔ་ལས་ ཏི་རུ་སྤྲོད་པ་ཅིན་རྐྱངམ་གཅིག་ སྤྲོད་ནི་ཟེར་ སླབ་ཡོདཔ་ཨིན་པས།
དེ་གི་བར་ན་ ཕམ་ལ་ལོ་ཅིག་གིས་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ལུ་ སྙན་ཞུ་འབད་མི་དང་བསྟུན་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ ཕམ་ཚུ་དང་ འཆི་མེད་རིག་འཛིན་གྱི་བར་ན་ གན་ཡིག་ཅིག་བཟོ་སྟེ་ སློབ་ཕྲུག་ག་ར་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ལོག་རྒྱལ་ཁབ་ནང་ བསྐྱལ་ནི་དང་ དེ་དང་བསྟུན་པའི་ ཟད་འགྲོ་ཚུ་ཡང་ག་ར་ མོ་གིས་ གཏང་ནི་གི་ ཁས་ལེན་འབད་ནུག།
ཨིན་རུང་ ནང་གན་བཟོ་བའི་ཕྱི་རུ་ར་ མོ་གིས་ ར་བཱི་ལུ་ བརྒྱུད་འཕྲིན་བཏང་སྟེ་ སློབ་ཕྲུག་ཚུ་ལུ་ ལཱ་བྱིན་ནི་གི་ ཆ་རོགས་འབད་དགོཔ་སྦེ་ སླབ་ཞིནམ་ལས་ཚུར་ མོ་ལུ་ ཡིད་ཆེས་བསྐྱེད་མ་ཚུགསཔ་ ཐལ་བའི་ཁར་ ལས་ཁུངས་ཀྱིས་ མོ་དང་འབྲེལ་བ་འཐབ་ནི་གི་ ག་དེམ་ཅིག་ དཔའ་བཅམ་རུང་ འབད་མ་ཚུགས་ཟེར་ ཕྱི་འབྲེལ་ལྷན་ཁག་ལུ་བཏང་མི་ ཡི་གུ་ནང་བཀོད་ནུག།
དེ་གི་ཧེ་མར་ སྤྱི་ཟླ་༤ པའི་ཚེས་༦ ལུ་ འཆི་མེད་རིག་འཛིན་གྱིས་ སློབ་ཕྲུག་༥ གི་ ཕམ་ཚུ་དང་གཅིག་ཁར་ ནང་གན་བཟོ་བའི་སྐབས་ལུ་ ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ དཔང་པོ་སྦེ་ མིང་རྟགས་བཀོད་ཡོདཔ་ད་ གན་ཡིག་དང་འཁྲིལ་བ་ཅིན་ མོ་གིས་ སྤྱི་ཟླ་༥ པའི་ཚེས་༣༡ གི་ནང་འཁོད་ལུ་ ཏི་རུ་ཚུ་ ལོག་སྤྲོད་ནི་སྦེ་ ཁ་ཚིག་བཟོ་ཡོདཔ་ཨིན་རུང་ ཞག་དུས་ཚང་པའི་ཤུལ་ལས་ མོ་ར་ གར་སོང་མེད་པར་ ཡར་སོཔ་ཨིན་པས།
ཡི་གུ་ནང་ ད་ལྟོའི་ གནས་སྟངས་བཟུམ་ཅིག་ནང་ སློབ་ཕྲུག་ཚུ་གི་ ཉེན་སྲུང་ལུ་ གནོད་ཉེན་ཡོདཔ་མ་ཚད་ ལྷན་ཁག་གི་ གནས་རིམ་ནང་ སྟབས་མ་བདེཝ་བྱུང་མི་ཚུ་ ག་དེ་སྦེ་ར་ སེལ་ཐབས་འབད་ནི་གི་ ཐབས་ཤེས་བཏོན་རུང་ འགྱོ་མ་བཏུབ་མི་ལུ་བརྟེན་ སློབ་ཕྲུག་ཚུ་ རྒྱལ་ཁབ་ནང་ ཉེན་སྲུང་ཐོག་ ལོག་འོང་ཐབས་ལུ་ ཕྱི་འབྲེལ་ལྷན་ཁག་ལས་ རྒྱབ་སྐྱོར་འཚོལཝ་ཨིན་ཟེར་བཀོད་ནུག།
མ་ལ་ཤི་ཡ་ལུ་སྡོད་མི་ སློབ་ཕྲུག་ཚུ་གིས་ སླབ་མིའི་ནང་ ཁོང་གི་ལས་སྡེའི་ཁ་ཐུག་ལས་ ཏི་རུ་བསྐྱལ་ནི་ འགོ་བཙུགས་ཡོདཔ་ལས་ སློབ་སྦྱོང་གི་ སྐྱོད་ཐམ་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ སློབ་ཕྲུག་དག་པ་ཅིག་ ལོག་འོང་ནིའི་དོན་ལུ་ སྒུགཔ་ཨིན་པས།
ལཱ་གཡོག་མེད་པར་ དེ་སྦེ་ར་སྡོད་དེ་ དབངཔོ་ངལ་མི་ ན་གཞོན་ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ ཁོང་གི་བཞེས་སྒོ་དང་ སྡོད་གནས་ཀྱི་དོན་ལུ་ གྲོས་སྟོན་ལས་སྡེ་གིས་ ཏི་རུ་དུམ་གྲ་རེ་ བསྐྱལ་ནི་འདུག་ཟེར་ཨིན་པས།
དེ་འབདཝ་ད་ འཆི་མེད་རིག་འཛིན་གྱི་ རྨགཔ་དེ་གིས་ སྐྱོད་ཐམ་བཟོ་ནི་གི་ ཏི་རུ་དེ་ ཁ་ཙ་ བསྐྱལ་ནི་སྦེ་ ཁས་ལེན་འབད་ཡོད་རུང་ མ་བསྐྱལ་བས་ཟེར་ མོ་གིས་ བཤདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ འབྲུག་དང་ མ་ལ་ཤི་ཡ་རྒྱལ་ཁབ་༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་མེདཔ་ལས་ སློབ་ཕྲུག་༡༨ རྒྱལ་ཁབ་ནང་ ཉེན་སྲུང་ཐོག་ལས་ ལོག་འོང་ནིའི་དོན་ལུ་ བེང་ཀོག་དང་ ནིའུ་ལྡི་ལི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་ཚུ་གིས་ ལྷན་ཐབས་འབད་འོང་ཟེར་ཨིན་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།