༉ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་རིང་ལུགས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་གསུམ་པམ་དེ་ འགོ་འདྲེན་འཐབ་ནིའི་དོན་ལུ་ དུས་ཡུན་ཟླཝ་མ་ལངམ་ཅིག་ལས་ མེད་མི་དང་བསྟུན་ ང་བཅས་ར་ འདས་པའི་ལོ་ངོ་༡༡༡ དེ་ཅིག་གི་རིང་ རྒྱལ་བརྒྱུད་ཀྱི་རིང་ལུགས་སྐབས་ འབྲུག་མི་ཚུ་གིས་ མཉམ་འབྲེལ་དང་ གཅིག་སྒྲིལ་ཐོག་ལས་ ཡར་རྒྱས་ཀྱི་གནས་ཚད་ ག་དེམ་ཅིག་ འབག་འོང་ཡོདཔ་ཨིན་ན་དང་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ དེང་སང་རྒྱལ་ཁབ་ཀྱི་གནས་སྟངས་དང་ དམིགས་གཏད་ཚུ་ གྲུབ་མ་འགྲུབ་དང་ ལྷག་པར་དུ་ མ་འོངས་པ་ལུ་ ང་བཅས་རའི་ ཨ་ལོའི་མདུན་ལམ་ཚུ་ ག་དེ་སྦེ་ བཟོ་ནི་ཨིན་ན་ ལྟ་ཞིབ་འབད་ནི་དེ་ ཁག་ཆེཝ་ཅིག་སྦེ་ ཐོན་ཡོདཔ་ཨིན།
རྒྱལ་ཁབ་ཀྱི་ ཡར་རྒྱས་དང་འགྱུར་བ་ཚུ་ ད་ལྟོ་ཚུན་ ཡུན་རིངམོ་སྦེ་ར་ ལེགས་ཐོན་བྱུང་ཡོདཔ་བཞིན་དུ་ ད་ལས་ཕར་འབད་རུང་ ང་བཅས་ར་ འབྲུག་མི་ཚུ་གིས་ར་ འགན་ཁུར་དང་འགན་འཁྲི་ཚུ་ རྩ་འགེངས་འབག་སྟེ་ འཐུས་ཤོར་མེད་པར་ ཕྱག་ཞུ་དགོཔ་ཨིན།
བཙག་འཐུའི་ཐད་ཁར་འབད་རུང་ དམངས་གཙོའི་བྱ་རིམ་ལས་ལྷགཔ་སྦེ་ རང་མོས་རྣམ་དག་ཐོག་ལས་ སྒྲིང་སྒྲི་སྦེ་ར་ འགོ་འདྲེན་འཐབ་དགོཔ་གལ་ཆེ།
གཞུང་སྐྱོང་མི་ སྲིད་ཚོགས་ཀྱི་ཐད་ཁར་ ལོ་༥ འི་བར་ན་ སོར་ཡི་ར་ འགྱོ་མི་ལུ་བརྟེན་ འབྲུག་པའི་མི་ཁུངས་ཚུ་གིས་ སེམས་ཁར་བཞག་དགོཔ་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ ང་བཅས་རའི་ རེ་འདོད་འགྲུབ་ཚུགས་མི་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ཚུགས་མི་ སྲིད་ཚོགས་སྒྲིང་སྒྲི་ཅིག་ གཞུང་སྐྱོང་མི་སྦེ་ བཙག་འཐུ་འགྲུབ་དགོཔ་ལས་ ཆ་མཉམ་གྱིས་ ཚ་གྱང་འབག་སྟེ་ རང་སོའི་ཚོགས་རྒྱན་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་དགོཔ་ཨིན།
མ་གཞི་ སྒེར་སྡེ་ཚུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་གཏང་མི་ གཙོ་ཅན་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་རུང་ ད་ལྟོ་ ཡར་ཐོན་འབད་མ་ཚུགས་པར་ཡོདཔ་ད་ དེ་བཟུམ་སྦེ་ ཞི་གཡོག་ནང་ ལཱ་གཡོག་གི་གོ་སྐབས་ ཉུང་སུ་ཅིག་ལས་མེད་མི་དང་ སྒེར་སྡེ་ཚུ་ ཡར་དྲག་མ་བཏགས་མི་དེ་གིས་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དེ་ ཚབས་ཆེན་སྦེ་ར་ ཐོན་བཞིན་དུ་ཡོད།
ཨིན་རུང་ ང་བཅས་རའི་ སྲིད་དོན་པ་ཚུ་གིས་ ཨ་རྟག་ར་ ལཱ་གཡོག་འཚོལ་མི་ལས་ལྷགཔ་སྦེ་ ལཱ་གཡོག་གི་ས་སྟོང་ཡོད་ཟེར་བའི་ བདེན་ཁུངས་གཟངས་མི་དེ་གིས་ རྩ་ལས་ར་ ཕན་མི་ཐོགས་ནི་ཨིནམ་ད་ མ་གཞི་ རྒྱལ་ཁབ་ནང་ ལཱ་གཡོག་མེད་པའི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ལས་ རྒྱལ་ཡོངས་ཀྱི་ ཚ་གྱང་ངོ་མ་ཅིག་ཨིན།
དེ་འབདཝ་ལས་ རྒྱལ་ཁབ་ཀྱི་ མ་འོངས་དོན་ལུ་ ཤེས་ཡོན་རྐྱངམ་གཅིག་མེན་པར་ རིག་རྩལ་ཅན་དང་ སྦྱོང་བརྡར་ལེགས་ཤོམ་ཐོབ་མི་ ངོ་རྐྱང་ཚུ་ དགོས་མཁོ་ཡོདཔ་ད་ འདི་གི་དོན་ལུ་ ང་བཅས་རའི་ སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་ཚུ་ནང་ རྒྱལ་ཁབ་ཀྱི་ མ་འོངས་དགོས་མཁོ་གསརཔ་ཚུ་ གདོང་ལེན་འབད་ནིའི་དོན་ལུ་ ཤེས་རིག་གི་ལམ་ལུགས་ཚུ་ བསྒྱུར་བཅོས་འབད་ནི་ལུ་ བལྟ་དགོཔ་འདུག།
མ་གཞི་ གཙོ་རིམ་གཞན་ ལེ་ཤ་ཡོདཔ་ཨིན་རུང་ ལ་ལོ་ཅིག་གིས་ རྒྱལ་ཁབ་ནང་ གོ་སྐབས་ལས་ལྷག་པའི་ རེ་བ་དང་ མཁོ་འདོད་བཀོད་མི་ལུ་བརྟེན་ བསམ་དོན་འགྲུབ་མ་ཚུགས་པར་ ལུས་དོ་ཡོདཔ་ལས་ ག་ར་འབད་རུང་ མ་འོངས་པའི་ མདུན་ལམ་དང་འཆར་སྣང་ཚུ་ ནོར་བ་མེད་པར་ དྭངས་གསལ་སྦེ་ བཟོ་དགོཔ་འདུག།
Check Also
ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།
༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …