ཕུན་ཚོགས་གླིང་ལུ་ ཨ་མོ་ཆུ་ནང་ཐོགས་ལུས་མི་ སྣུམ་འཁོར་ཊཱག།

མ་ནི་ཊར་དང་ ལྷ་མོའི་རྫིང་ཁ་འཁོར་ལམ་ བསུབས་ཡོདཔ།

༉ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ས་རུད་ཆད་དེ་ མ་ནི་ཊར་དང་ ལྷ་མོའི་རྫིང་ཁ་གི་འཁོར་ལམ་ སྤྱི་ཟླ་༥ པའི་ཚེས་༢༢ ལས་ བསུབས་ཡོདཔ་ཨིན་པས།
དེ་ཡང་ ཀི་ལོ་མི་ཊར་༡༩ ལས་༥༥ འི་བར་ན་ འཁོར་ལམ་ཁག་ལེ་ཤ་ཅིག་ར་ བསུབས་ཏེ་ཡོདཔ་ད་ ཕུན་ཚོགས་གླིང་ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་ གནས་བརྟན་ཚེ་རིང་གིས་ སླབ་མིའི་ནང་ འཁོར་ལམ་བསལ་ནི་ལུ་ བདུན་ཕྲག་༡ དེ་ཅིག་ འགོར་ནི་མས་ཟེར་ཨིནམ་ད་ འཁོར་ལམ་ཁག་༢ རྩ་བ་ལས་ར་ ཕྱགས་བདའ་ནུག་ཟེར་ཨིན་པས།
དེ་ལས་ འཁོར་ལམ་ཀི་ལོ་མི་ཊར་༣༠.༦ གི་ས་གནས་ རུཊ་སྤང་དང་ ཀི་ལོ་མི་ཊར་༣༥ བསོད་ནམས་བྱག་ དེ་ལས་ ཀི་ལོ་མི་ཊར་༥༤ ཏིན་ཏ་ལི་ཚུ་ནང་ བསུབས་ཡོདཔ་ད་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ས་གནས་ཚུ་ནང་ ལམ་བསལ་ནིའི་འཕྲུལ་ཆས་ཚུ་ཡང་ བགོ་བཀྲམ་འབད་དེ་ཡོདཔ་ལས་ ད་ལྟོ་ སེལ་བཞིན་དུ་ཡོད་ཟེར་ཨིན་པས།
གནས་བརྟན་ཚེ་རིང་གིས་ སླབ་མིའི་ནང་ དཔག་བསམ་ཁ་དང་ མ་ནི་ཊར་ ཀི་ལོ་མི་ཊར་༢༩.༩ དེ་ཅིག་ནང་ཡང་ ས་རུད་ཀྱིས་ གནད་སྐྱོན་རྐྱབ་སྟེ་ཡོདཔ་ལས་ སྣུམ་འཁོར་ཆུང་བ་མ་གཏོགས་ སྦོམ་ཚུ་རྒྱུན་འགྲུལ་འཐབ་མ་ཚུགས་རུང་ སྣུམ་འཁོར་རྒྱུན་འགྲུལ་འཐབ་མི་དང་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གཞུང་ལམ་ཁར་ དཀའ་ངལ་དེ་ཅིག་ར་ མ་འཐོན་པས་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ དཀའ་ངལ་སྦོམ་སྦེ་ར་ མ་འཐོན་པས་ཟེར་ཨིནམ་ད་ དཔག་བསམ་ཁ་འཁོར་ལམ་དེ་ཡང་ མང་ཤོས་ར་ གནམ་བྱཱར་ལུ་མ་གཏོགས་ དུས་ཚོད་གཞན་ནང་ དཀའ་ངལ་བྱིན་ནི་མེད་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ འདས་པའི་ཉིནམ་༢ དེ་ཅིག་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ ཨོམ་ཆུ་དང་ ཨ་མོ་ཆུ་བྲེས་མི་ལུ་བརྟེན་ ཨོམ་ཆུ་བརྒྱུད་དེ་ སྣུམ་འཁོར་ཊཱག་བཞག་སའི་ས་ཁོངས་ནང་ འགྱོ་མི་ཟུར་ལམ་དེ་ཡང་ བཀག་ཆ་འབད་དགོཔ་བྱུང་ནུག།
སྤྱི་ཟླ་༥ པའི་ཚེས་༢༣ ལུ་ ལམ་གྱི་སྦུག་ལུ་ ཐོགས་ལུས་མི་ སྣུམ་འཁོར་ཊཱག་དེ་ ནུབ་མོའི་ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ཁར་ བཏོན་ཚུགས་ཡོདཔ་ད་ དེ་ཚེ་ཕྱི་རུ་ ད་རུང་ སྣུམ་འཁོར་ཊཱག་ཅིག་ ཐོགས་ལུས་མི་དེ་ཡང་ ས་རྐོ་འཕྲུལ་ཆས་ཀྱིས་ བཏོན་དོ་ཡོདཔ་ཨིན་པས།
སྣུམ་འཁོར་རྒྱུན་འགྲུལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་དེ་གིས་ ལམ་ཁར་ཉེན་བརྡ་སྦེ་ རྡོ་བཀལ་བཞག་མི་དེ་ བཏོན་བཀོག་ཞིནམ་ལས་ གཙང་ཆུ་བརྒལ་ནུག་ཟེར་ཨིན་པས།
ས་རྐོ་འཕྲུལ་ཆས་དེ་ཡང་ ཨ་མོ་ཆུ་ནང་ ཐོགས་ལུས་ཡོདཔ་བཞིན་དུ་ ད་ལྟོ་ ཆུ་གི་འོག་ལུ་ ཐིམ་སྟེ་ཡོདཔ་ད་ ས་གནས་ཀྱི་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ གཙང་ཆུ་ལུ་བརྟེན་ དཀའ་ངལ་ག་ནི་ཡང་ མ་འཐོན་ཟེར་ཨིནམ་ད་ ཆརཔ་དེ་ཡང་ ཁ་ཙ་ ཉིན་མའི་ཆུ་ཚོད་ཕྱེད་དང་༡ དེ་ཅིག་ལུ་ ཆད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *