མ་དངུལ་ལྐོག་ཟ་འབད་བའི་གནད་དོན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལྷོད་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་གི་ སྒོ་ནོར་གོང་འཕེལ་མཉམ་ལས་ནང་ ཕོ་སྐྱེས་ཅིག་གིས་ མ་དངུལ་ལྐོག་ཟ་འབད་ཡོདཔ་ལས་ གནད་དོན་དེ་ ད་རེས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལྷོད་ཡོདཔ་ཨིན་པས།
སྙན་ཞུ་དེ་ཡང་ ཀྲོང་གསར་རྫོང་ཁག་གིས་ སྔོན་འགྲོའི་དབྱེ་ཞིབ་ཚུ་ འབད་ཐོག་ལས་ ལམ་ལུགས་དང་འཁྲིལ་ ལྷན་ཚོགས་ལུ་ ཕུལ་བཏང་ཡོདཔ་ད་ ད་ལས་ཕར་ ལྷན་ཚོགས་ཀྱིས་ དབྱེ་ཞིབ་མཐིལ་ཕྱིན་འབད་དེ་ བདེན་དཔྱད་འབད་ནི་ཨིན་པས།
ཕོ་སྐྱེས་དེ་ མཉམ་ལས་ཀྱི་ ཁྲི་འཛིན་ཡང་ཨིནམ་ད་ ཤུལ་ལས་ མཉམ་ལས་ཀྱི་ འཐུས་མི་ཚུ་གིས་ མཉམ་ལས་དེ་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་མ་ཚུགས་མི་ལུ་བརྟེན་ ཕོ་སྐྱེས་དེ་ལུ་ གླ་ཁར་སྤྲོད་ཡོདཔ་ཨིན་པས།
ཀྲོང་གསར་རྫོང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མི་སེར་ཚུ་ལས་ ཉོགས་བཤད་ལྷོད་མི་དང་འཁྲིལ་ རྫོང་ཁག་གི་ ནང་འཁོད་རྩིས་ཞིབ་པ་གིས་ དབྱེ་ཞིབ་འབད་བའི་སྐབས་ ཕོ་སྐྱེས་དེ་གིས་ དངུལ་ཀྲམ་༡,༡༢,༠༠༠ དེ་ཅིག་ ལྐོག་ཟ་འབད་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ འབད་བ་ཅིན་ མཉམ་ལས་གཞི་བཙུགས་འབད་སའི་ ཁང་མིག་དེ་ གཞུང་གི་འབད་ནི་དེ་གིས་ ཕོ་སྐྱེས་དེ་གིས་ ཟླ་རིམ་བཞིན་དུ་ ཁང་གླ་དངུལ་ཀྲམ་༣,༦༠༠ མཉམ་ལས་ཀྱི་ མིང་ཐོ་ལུ་བཀོད་པའི་ དངུལ་ཁང་གི་ རྩི་ཁྲ་ནང་ བཙུགས་དགོཔ་ཨིན་རུང་ ཟླ་ངོ་༢༠ གི་རིང་ མ་བཙུགས་པས་ཟེར་ཨིན་པས།
དེ་ལས་ འཐུས་མི་ཚུ་ལས་ འཐུས་མིའི་འཐུས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༠༠ རེ་འབདཝ་ད་ དངུལ་བསྡོམས་༢༢,༥༠༠ འབད་མི་དེ་ཡང་ ཁོ་གིས་ལེན་ཡོདཔ་ཨིན་རུང་ མཉམ་ལས་ཀྱི་རྩིས་ཁྲ་ནང་ མ་བཙུགས་པར་ བཞག་ཡོདཔ་ཨིན་པས།
དེ་ལས་ མཉམ་ལས་ནང་ཡོད་པའི་ ཁེྱགས་སྒྲོམ་༢ ཡོད་མི་ཚུ་ཡང་ གཞན་ལུ་བཙོང་བཏང་ཡོད་པའི་ ཁ་ཉེས་བཀལ་ཏེ་ ཡོདཔ་ཨིན་པས།
མཉམ་ལས་ཀྱི་ ཁྱིམ་གྱི་ཁང་གླ་དེ་ ཟླ་ངོ་༢༠ འབདཝ་ད་ བསྡོམས་ཀྱིས་ དངུལ་ཀྲམ་༧༢,༠༠༠ ལང་ཡོདཔ་ད་ ཁེྱགས་སྒྲོམ་རེ་ལུ་ དངུལ་ཀྲམ་༢༦,༥༠༠ འབདཝ་ད་ དངུལ་ཀྲམ་༥༣,༠༠༠ གནསཔ་ཨིན་ཟེར་ རྫོང་ཁག་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
མ་གཞི་ ཁོ་གིས་ དངུལ་བསྡོམས་དངུལ་ཀྲམ་༡༤༧,༥༠༠ ལོག་སྤྱོད་འབད་ཡོདཔ་ཨིན་རུང་ ཤུལ་ལས་ རྒེད་འོག་གིས་ འགོ་འདྲེན་ཐོག་ལས་ མི་སེར་ཚུ་དང་ འཛོམས་འདུ་རྐྱབ་ཐོག་ལས་ ཕོ་སྐྱེས་དེ་གིས་ དངུལ་ཀྲམ་༣༥,༠༠༠ ལོག་བཏབ་ཡོདཔ་ལས་ ད་ལྟོ་ ལྷག་ལུས་དངུལ་ཀྲམ་༡༡༢,༠༠༠ ཡོདཔ་ཨིན་པས།
མ་གཞི་ རྒེད་འོག་དང་ ཕོ་སྐྱེས་དེ་གི་བར་ན་ཡང་ དངུལ་ལྷག་ལུས་དེ་ ལོག་བཏབ་ནི་སྦེ་ གན་རྒྱ་བཟོ་ཡོདཔ་ཨིན་རུང་ བཏབ་ནི་མེད་མི་ལུ་བརྟེན་ རྫོང་ཁག་བརྒྱུད་དེ་ ལྷན་ཁག་ནང་ བཙུགས་ཡོདཔ་ཨིན་པས།
བྲག་སྟེང་སྒོ་ནོར་གོང་འཕེལ་མཉམ་ལས་ཚོགས་པ་དེ་ སྤྱི་ལོ་༢༠༡༡ ལུ་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ འཐུས་མི་ཚུ་གིས་ ལེགས་ཤོམ་སྦེ་ འཛིན་སྐྱོང་འབད་མ་ཚུགས་མི་ལུ་བརྟེན་ ཤུལ་ལས་ ཕོ་སྐྱེས་དེ་ལུ་ གླ་ཁར་སྤྲོད་སྤྲོདཔ་ཨིན་པས།
མཉམ་ལས་དེ་ནང་ འཐུས་མི་༧༡ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *