༉ དུས་ཅི་ སྤྱི་ལོ་༢༠༡༨ ཀྱི་ རང་ལུགས་སྤག་ཤིང་ཐོག་གི་ འབྲུག་དབང་རྒྱལ་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ལས་ བྷུ་དིས་ཨརཊ་སྡེ་ཚན་གྱིས་ ཨང་དང་པའི་ རྒྱལ་རྟགས་ཐོབ་ཅི།
མཐའ་བཅད་འགྲན་བསྡུར་དེ་ འདས་པའི་རེས་གཟའ་ཉི་མ་དང་ ཟླ་བ་ལུ་ ཐིམ་ཕུག་ ལྕང་གླིང་མི་ཐང་ནང་སྦེ་ བཀང་ལུང་རྒེད་འོག་དང་ བྷུ་དིས་ཨརཊ་ སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བྷུ་དིས་ཨརཊ་གིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་དེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
མ་གཞི་ ཉིནམ་དང་པའི་རྩེད་འགྲན་ནང་ བྷུ་དིས་ཨརཊ་ སྐུགས་༢ སྦེ་སྡོདཔ་ད་ བཀང་ལུང་རྒེད་འོག་གིས་ སྐུགས་༡༧ ལུ་ ལྷོད་ཡོད་རུང་ བྷུ་དིས་ཨརཊ་སྡེ་ཚན་གྱིས་ མཉམ་རུབ་ཐོག་ལས་ བཀག་རེག་དང་ མདའ་ཡ་གཅིག་ཤུལ་གཉིས་ཤུལ་སྦེ་རྐྱབ་སྟེ་ སྐུགས་དང་པ་ ཆོད་ཅི།
ཁ་ཙ་ བཀང་ལུང་རྒེད་འོག་གིས་ སྐུགས་༢ པམ་ ཆོད་ནི་ལུ་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་རུང་ སྐོར་ཐེངས་དང་པའི་ནང་མ་གཏོགས་ སྐུགས་བརྩི་ནིའི་ གོ་སྐབས་མ་ཐོབ་པས།
བྷུ་དིས་ཨརཊ་སྡེ་ཚན་གྱིས་ སྐུགས་༢༣ ལུ་ལྷོདཔ་ད་ སྡེ་ཚན་གཞན་མི་གིས་ ལམ་བཀག་གི་ བཀག་རེག་ཚུ་ དོ་འགྲན་ཅན་སྦེ་ རྐྱབ་མི་ལུ་བརྟེན་ སྐུགས་ཆོད་ནི་ལུ་ ལཱ་ཁག་རྐྱབ་རུང་ བྷུ་དིས་ཨརཊ་གི་ མདའ་རྩེདཔ་ཅིག་གིས་ རྡོབ་སྦྱེལ་ སྒོར་ཐིག་གུ་རྐྱབ་སྟེ་ སྐུགས་༢ པམ་ཆོད་པའི་སྐབས་སུ་ བཀའ་ལུང་རྒེད་འོག་གིས་ སྐུགས་༡༦ ལས་བརྒལ་ཐོབ་མ་ཚུགསཔ་ལས་ ཕམ་ཁ་ལེན་དགོཔ་བྱུང་ཡི།
བྷུ་དིས་ཨརཊ་སྡེ་ཚན་གྱིས་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ ཨང་༢ པ་ཐོན་ཡོདཔ་ཨིན་པས།
ཟླ་ངོ་གཅིག་གི་རིང་ལུ་ འགོ་འདྲེན་འཐབ་མི་ མདའ་རྩེད་འགྲན་བསྡུར་དེ་ཡང་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ རང་ལུགས་ཀྱི་ རྩེད་རིགས་ གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཡོདཔ་ད་ རྩེད་འགྲན་དེ་ནང་ མོང་སྒར་རྫོང་ཁག་ལས་ རྒེད་འོག་༦ བརྩིས་ཏེ་ རྒྱལ་ཁབ་ནང་འཁོད་ལས་ སྡེ་ཚན་༣༣ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཨང་དང་པ་ཐོན་མི་ལུ་ གསོལ་རས་ ཨིན་ཅི་༡༢ འབད་མི་ ཚེ་དཔག་མེད་ཀྱི་སྐུ་རེ་དང་ ཨང་༢ པ་ ཐོན་མི་སྡེ་ཚན་ལུ་ ཨིན་ཅི་༩ འབད་མི་ སྐུ་དང་གཅིག་ཁར་ ལག་ཁྱེར་ཚུ་ བྱིན་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།