བྷུ་ཊཱན་ཨེར་ལ་ཡིན་གྱི་ འགྲུལ་པ་ཕུད་རྡོག་གཅིག་ལུ་ཡང་ རྨ་སྐྱོན་མ་བྱུངམ།

༉ སྤྱི་ཟླ་༩ པའི་ཚེས་༩ ལུ་ བྷུ་ཊཱན་ཨེར་ལ་ཡིན་༼བཀྲིས་མཁའ་འགྲུལ༽གྱི་ མཇུག་ཁ་ཐུག་ལས་ དུ་པ་ཐོན་པའི་ཤུལ་ལུ་ ཐའི་ལེནཌི་གི་རྒྱལ་ས་ བེང་ཀོག་ལུ་ ཉམས་བཅོས་ཀྱི་དོན་ལུ་ བཏང་ཡོདཔ་ཨིན་རུང་ མཁའ་འགྲུལ་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནམ་གྲུ་ལུ་ གནོད་སྐྱོན་སྦོམ་མེདཔ་སྦེ་ཨིན་པས།
གནམ་གྲུ་དེ་ རྒྱ་གར་ཀཱོལ་ཀ་ཊ་ལས་ བེང་ཀོག་ལུ་ འཕུར་ནི་འབདཝ་ཅིག་ གནམ་གྲུ་གི་མཇུག་ཁ་ཐུག་ལས་ དུ་པ་ཐོན་སར་ མཐོང་ཡོདཔ་ཨིན་པས།
བཀྲིས་མཁའ་འགྲུལ་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཨྱོན་བསྟན་འཛིན་གྱིས་ བཤད་མིའི་ནང་ བཀྲིས་མཁའ་འགྲུལ་ལུ་ གནམ་གྲུ་གཉིས་ཡོདཔ་ལས་ འཕུར་འགྲུལ་གྱི་ལས་འཆར་ལུ་ གནོད་པ་ག་ཅི་ཡང་ མེད་ཟེར་ཨིན་པས།
ཨྱོན་བསྟན་འཛིན་གྱིས་ འབདབ་ཅིན་ རྒྱ་གར་གྱི་བརྡ་བརྒྱུདཔ་ཚུ་གིས་ མི་ལུ་རྨ་སྐྱོན་བྱུང་ཡོདཔ་སྦེ་ གནས་ཚུལ་བཀྲམ་སྤེལ་འབད་མི་དེ་ བདེན་པ་མེད་ཟེར་ཨིནམ་ད་ དེ་ཡང་ འགྲུལ་པ་ཚུ་ ཉེན་སྲུང་དང་ལྡན་པའི་སྒོ་ལས་ ཕྱི་ཁར་ཐོན་ཚུགས་ཅི་ཟེར་ཨིན་པས།
བཀྲིས་མཁའ་འགྲུལ་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཕ་ལ་རྡོ་རྗེ་གིས་ བཤད་མིའི་ནང་ མ་གཞི་ གནམ་གྲུ་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་མེདཔ་སྦེ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ གནམ་གྲུ་གི་འཕྲུལ་རིག་པ་ཚུ་གིས་ བརྟག་ཞིབ་འབད་བའི་བསྒང་ཡོདཔ་ལས་ རེས་གཟའ་པ་སངས་ལུ་ ལོག་སྟེ་ འཕུར་འགྲུལ་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨན་པས།
ཕ་ལ་རྡོ་རྗེ་གིས་ འབད་བ་ཅིན་ འགྲུལ་པ་ཚུ་ གནམ་གྲུ་ནང་ལས་ ཐོན་པའི་སྐབས་ ཁོང་ར་རྨ་སྐྱོན་དུམ་གྲ་རེ་ བྱུང་མི་དེ་ཡང་ གནམ་གྲུ་ལུ་ གནོད་སྐྱོན་ལུ་བརྟེན་ཏེ་ བྱུང་ཡོདཔ་སྦེ་ བརྩི་ནི་མི་འོང་ཟེར་ཨིན་པས།
བཀྲིས་མཁའ་འགྲུལ་གྱི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ རྐྱེན་ངན་དེ་ གནམ་གྲུ་ཐང་ནང་ཆགས་ཏེ་ དུས་ཡུན་ཆུ་ཚོད་༡ མ་ལང་པའི་ཧེ་མར་ བྱུང་ཡོདཔ་ད་ གནམ་གྲུ་ནང་ ཡོངས་བསྡོམས་འགྲུལ་པ་༦༡ ཡོདཔ་ཨིན་པས།
གནམ་གྲུ་གི་མཇུག་ལས་ དུ་པ་ཐོནམ་ཅིག་ གནམ་གྲུའི་དེད་དཔོན་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ དེད་དཔོན་གྱིས་ གློ་བུར་གྱི་ བརྡ་སྟོན་བྱིན་ཡོདཔ་ཨིན་ན་མེན་ན་ ལྟ་བའི་སྐབས་ ག་ཅི་ཡང་ བྱིན་ཏེ་མིན་འདུག་ཟེར་ཨིན་པས།
ཁོ་གི་གདོང་ཁར་ དུ་པ་ཐོན་ཡོད་པའི་ བརྡ་སྟོན་ག་ཅི་ཡང་ མ་མཐོང་སྟེ་འབད་རུང་ གནམ་གྲུ་གི་མཇུག་ལས་ དུ་པ་ཐོན་དེས་ཟེར་ ཁོ་ལུ་ སྙན་ཞུ་ལྷོད་ཡོདཔ་བཞིན་དུ་ ཁོ་གིས་ དེ་འཕྲོ་ལས་ འགྲུལ་པ་ཚུ་ འཐོན་འགྱོ་དགོཔ་སྦེ་ གྲོས་ཐག་བཅད་དགོཔ་ཐོན་ནུག།
གནས་ཚུལ་གསར་བཏོན་ནང་ འཁོད་དེ་ཡོད་མི་དང་འཁྲིལཝ་ད་ འགྲུལ་པ་ཕུད་རྡོག་གཅིག་ལུ་ཡང་ རྨ་སྐྱོན་མ་བྱུང་ཟེར་ཨིནམ་ད་ འགྲུལ་པ་ཚུ་ དུས་ཡུན་ཆུ་ཚོད་༦ གི་རིང་ བསྒུགས་སྡོད་པའི་ཤུལ་ལུ་ སྤ་རོ་ལས་ གནམ་གྲུ་གཞན་ཅིག་འོང་སྟེ་ ཀཱོལ་ཀ་ཊ་ལས་ བེང་ཀོག་ལུ་ འཕུར་འགྲུལ་འབད་ཡོདཔ་སྦེ་ཨིན་པས།
གནམ་གྲུ་གི་ འཕྲུལ་རིག་ལྟ་རྟོག་པ་ཚུ་གིས་ ལེགས་ཤོམ་སྦེ་ བརྟག་དཔྱད་འབད་བའི་ཤུལ་ལུ་ གནོད་སྐྱོན་སྦོམ་མ་བྱུང་ཟེར་ཨིན་རུང་ གནམ་གྲུ་དེ་ བེང་ཀོག་ལུ་ གློ་བུར་གྱི་སྒོ་བཟོ་བར་ བཏང་ཡོདཔ་ཨིན་པས།
གློ་བུར་གྱི་སྒོ་ཚུ་ ལེགས་ཤོམ་སྦེ་ བཟོ་མ་ཚར་ཚུན་ གནམ་གྲུ་འཕུར་འགྲུལ་མི་འབད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *