ཐིམ་ཕུག་ལུ་ཡོད་པའི་ ལྷན་རྒྱས་གདན་སའི་མཐོང་སྣང་།

བློན་ཆེན་མཆོག་ ལྷན་རྒྱས་གདན་ས་ནང་བཞུགས་དོ་ཡོདཔ།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་ལུ་ ཐིམ་ཕུག་ཁྲོམ་སྡེ་ནང་ ཁོ་རའི་སྒྲིང་ཁྱིམ་ཡོད་རུང་ བློན་ཆེན་མཆོག་ མུ་ཏིག་ཐང་ ལྷན་རྒྱས་གདན་ས་ལུ་ སྤོ་བཤུད་འབད་དེ་ གཞུང་འབྲེལ་ཐོག་ བློན་ཆེན་གདན་ས་ནང་ བཞུགས་མི་དེ་ འགོ་དང་པ་ཨིན་པས།

གཞུང་གི་བརྡ་བརྒྱུད་མགྲིན་ཚབ་དང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ བློན་ཆེན་དང་ བློན་པོ་ག་ར་ ལྷན་རྒྱས་གདན་ས་ལུ་ སྤོ་བཤུད་འབད་ཡོདཔ་བཞིན་དུ་ བློན་ཆེན་དེ་ ལྷན་རྒྱས་གདང་ས་ནང་ར་ བཞུགས་འོང་ཟེར་ཨིན་པས།

བློན་ཆེན་བགྲེསཔ་ དྲགོས་འཇིགས་མེད་འོད་ཟེར་འཕྲིན་ལས་དང་ དྲགོས་ཚེ་རིང་སྟོབས་རྒྱས་༢ ཀྱིས་ ལྷན་རྒྱས་གདན་ས་ལུ་མེན་པར་ ཁོང་རའི་སྒེར་ཁྱིམ་ནང་ བཞུགས་ཡོདཔ་ཨིན་པས།

བློན་ཆེན་དེ་ སྒེར་ཁྱིམ་ནང་ བཞུགས་པ་ཅིན་ ཟླ་རིམ་ཁང་གླ་གི་འཐུས་ དངུལ་ཀྲམ་༥༤,༠༠༠ རེ་ ཐོབ་དབང་ཡོདཔ་ད་ གཞུང་གི་གཟིམ་ཅུང་ནང་ བཞུགས་པ་ཅིན་ ལོ་བསྟར་ཁང་གླ་ དངུལ་ཀྲམ་༦༤༨,༠༠༠ དེ་ཅིག་འབདཝ་ད་ གནས་ཡུན་ལོ་༥ ནང་ ཁྱིམ་གྱི་ཁང་གླ་ལས་ར་ དངུལ་ཀྲམ་ས་ཡ་༣.༢༤ དེ་ཅིག་ གཞུང་གི་བང་མཛོད་ནང་ གསོག་འཇོག་འབད་ཚུགས་ནི་ཨིན་པས།

རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ ཐོབ་ཐངས་ཚུ་ འདྲན་འདྲ་ཡོདཔ་ལས་ ལྷན་རྒྱས་གདན་ས་ལུ་ སྤོ་བཤུད་འབད་ཡོདཔ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་དེ་ ད་ལྟོ་ ལྷན་རྒྱས་གདན་ས་ལུ་ སྤོ་བཤུད་མ་འབད་བར་ཡོད་རུང་ འཕྲལ་མགྱོགས་ར་ སྤོ་བཤུད་འབད་འོང་ཟེར་ ཌོག་ཊར་པདྨ་རྒྱ་མཚོ་གིས་ བཤདཔ་ཨིན་པས།

བློན་པོ་ཚུ་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ ཚོགས་དཔོན་དེ་ སྒེར་གྱི་ཁྱིམ་ནང་ བཞུགས་པ་ཅིན་ གཞུང་ལས་ ཁང་གླའི་འཐུས་ ཟླ་རིམ་དངུལ་ཀྲམ་༣༩,༠༠༠ ཐོབ་ཐངས་ཡོདཔ་ཨིན་པས།

བློན་ཆེན་དང་ བློན་པོ་ཚུ་གི་ ཁང་གླའི་འཐུས་ཚུ་ འདས་པའི་གཞུང་གིས་ སྤྱི་ལོ་༢༠༡༤ ལུ་ བསྐྱར་ཞིབ་འབད་ནུག།

བློན་ཆེན་གྱིས་ ཁོ་རའི་ སྡོད་ཁྱིམ་ནང་ བཞུགས་པ་ཅིན་ ཉེན་སྲུང་དམག་མིའི་ ཐོབ་ལམ་ཡོདཔ་བཞིན་དུ་ སྲུང་སྐྱོབ་ཀྱི་ ཁྱིམ་རྐྱབ་པའི་སྐབས་ ཟད་འགྲོ་ཐེབས་གཏང་དགོཔ་ འབྱུང་ནི་ཨིན་པས།

སྤྱི་ལོ་༢༠༡༥ འི་ ལྷན་རྒྱས་གཞུང་ཚོགས་ཀྱི་ གྲོས་ཆོད་དང་འཁྲིལ་ ཐིམ་ཕུག་རྟ་བབ་ལུ་སྦེ་ བློན་ཆེན་བགྲེསཔ་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ སྒེར་ཁྱིམ་ནང་ བཞུགས་པའི་སྐབས་ གཞུང་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢.༩༥༩ བཏང་ཐོག་ལས་ སྐུ་སྒེར་སྲུང་སྐྱོང་དམག་མིའི་ སྡོད་ཁྱིམ་དང་ བློན་ཆེན་གྱི་ སྡོད་ཁྱིམ་གྱི་ མཐའ་སྐོར་ལུ་ ལྕགས་ཀྱི་ར་བ་ཚུ་ཡང་ བསྒོར་ཡོདཔ་ཨིན་པས།

ཨིན་རུང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ དེ་བཟུམ་མའི་ ཟད་འགྲོ་བཏང་མི་ལུ་ རྩིས་ཉོགས་བཏོན་པའི་ཤུལ་ལུ དེ་འཕྲོ་ལས་ བློན་ཆེན་བགྲེསཔ་གིས་ ཟད་འགྲོ་ཚུ་ གཞུང་ལུ་ ལོག་བཏབ་ཡོདཔ་ད་ བློན་ཆེན་བགྲེསཔ་གིས་ གནད་དོན་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ཡང་ ཞིབ་དཔྱད་འབད་དགོཔ་དང་ གཞུང་གི་མ་དངུལ་ཚུ་ ལོག་སྤྱོད་འབད་ཡོད་མེད་ དོགས་པ་སེལ་ནིའི་དོན་ལུ་ ཞུ་བ་འབད་ནུག།

བློན་ཆེན་བགྲེསཔ་གི་ སྐུ་སྒེར་སྲུང་སྐྱོང་དམག་མིའི་ གནད་དོན་དེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ཡང་ སྲིད་དང་འབྲེལ་བའི་ གནད་དོན་ཅིག་སྦེ་ ཐོན་ཡོདཔ་ད་ ལྡོག་ཕྱོགས་ཀྱིས་ མ་གཞི་ བློན་ཆེན་གྱིས་ ལྷན་རྒྱས་གདན་ས་ནང་ བཞུགས་ནིའི་ གདམ་ཁ་ཡོད་རུང་ བཞུགས་མ་བཏུབ་ཟེར་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།

ཨིན་རུང་ བློན་ཆེན་བགྲེསཔ་གིས་འབད་བ་ཅིན་ ལྷན་རྒྱས་གདན་ས་ལུ་ཡོད་པའི་ གཞུང་ཁྱིམ་དེ་ རྒྱལ་ཁམས་ཀྱི་ མགྲོན་ཁྱིམ་སྦེ་ བཞག་ཅི་ཟེར་སླབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *