བློན་ཆེན་མཆོག་ རྒྱ་གར་ལུ་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ གཟིགས་སྐོར།

༉ རྒྱ་གར་གྱི་བློན་ཆེན་ ན་རཱན་ད་ར་ མོ་དི་གིས་ མགྲོན་བརྡ་འབདཝ་བཞིན་དུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ ནིའུ་ལྡི་ལི་ལུ་ གཟིགས་སྐོར་གྱི་དོན་ལས་ འབྱོན་ནི་ཨིན་པས།
དེ་ཡང་ བློན་ཆེན་མཆོག་ བཙག་འཐུ་གྲུབ་ཞིནམ་ལས་ ཕྱི་འབྲེལ་གཟིགས་སྐོར་ནང་ འབྱོན་ནི་དེ་ འགོ་དང་པ་འོང་ནི་ཨིན་པས།
བློན་ཆེན་གྱིས་ རྒྱལ་ཁབ་ག་རའི་ནང་ ལྟ་སྐོར་འབད་མ་ཚུགས་རུང་ གལ་ཆེ་བའི་ རྒྱལ་ཁབ་ཚུ་ནང་ ལྟ་སྐོར་འབད་ནི་དེ་ གལ་ཆེ་ཟེར་གསུངས་ཡི།
ངེ་གི་ མནོ་བསམ་ལས་འབད་བ་ཅིན་ ལྟ་སྐོར་དེ་ རྒྱལ་ཁབ་ལུ་ གལ་ཆེ་བའི་ཁར་ འབྲུག་གི་དོན་ལུ་ གལ་ཆེ་དྲགས་ཅིག་ཨིན་མི་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་ལས་ འགོ་བཙུགས་ནི་གི་ རེ་བ་ཡོད་ཟེར་ བློན་ཆེན་གྱིས་གསུངས་ཡི།
རྒྱ་གར་གྱི་ བློན་ཆེན་གྱིས་ ང་ བཙག་འཐུ་གྲུབ་པའི་ཤུལ་ལས་ ང་ལུ་ བརྒྱུད་འཕྲིན་གནང་སྟེ་ བཀྲིས་བདེ་ལེགས་དང་ ལཱ་གཅིག་ཁར་འབད་ནིའི་ རེ་བ་ཡོད་ལུགས་ གསུངས་ཡི་ཟེར་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ གསུངསམ་ཨིན་པས།
བློན་ཆེན་ལུ་ བཙག་འཐུ་གྲུབ་པའི་ཤུལ་ལས་ བརྒྱུད་འཕྲིན་དང་པ་བཏང་མི་དེ་ཡང་ རྒྱ་གར་གྱི་ བློན་ཆེན་ཨིནམ་ད་ རྒྱ་གར་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་ཡོད་པའི་ཁར་ ཁྱིམ་ཚང་འཆམ་ཤོས་ཅིག་ཨིནམ་ལས་ མཛའ་མཐུན་གྱི་ ལྟ་སྐོར་ནང་ འགྱོཝ་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
གཟིགས་སྐོར་སྐབས་ གནད་དོན་༡ རྒྱ་གར་གཞུང་གིས་ འབྲུག་གི་འཆར་གཞི་༡༢ པའི་ མ་དངུལ་རྒྱབ་སྐྱོར་སྐོར་ལས་ གསུང་གྲོས་གནང་ནི་ཨིནམ་ད་ འཆར་གཞི་༡༢ པའི་ནང་ འཆར་དངུལ་ཚད་རྩིས་ དངུལ་ཀྲམ་ཐེར་འབུམ་༣༡༠ བཏོན་ཏེ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ གློག་མེའི་གོང་ཚད་སྐོར་ལས་ ཞལ་འཛོམས་ཐེངས་༦ དེ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ གོང་ཚད་སྐོར་ལས་ གྲོས་བསྟུན་འབད་ནིའི་དོན་ལུ་ འཐུས་མི་སྡེ་ཚན་ཅིག་ ནིའུ་ལྡི་ལི་ལུ་ སོང་སྟེ་ཡོདཔ་ལས་ བློན་ཆེན་གཟིགས་སྐོར་ལུ་ མ་བྱོན་པའི་ཧེ་མར་ ཐག་བཅད་ཚུགས་པའི་ རེ་བ་ཡོདཔ་བཞིན་དུ་ གློག་མེ་ལས་ཐོབ་མི་ མ་དངུལ་དེ་ འཆར་གཞི་༡༢ པའི་དོན་ལུ་ འོང་འབབ་གཙོ་བོ་ཅིག་ འོང་ནི་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ འཆར་གཞི་༡༢ པའི་དོན་ལུ་ གློག་མེའི་གོང་ཚད་དེ་ གལ་ཆེ་མི་དེ་ཡང་ གློག་མེའི་འོང་འབབ་དེ་ ནང་འཁོད་འབབ་ཁུངས་ཀྱི་ བརྒྱ་ཆ་མཐོ་ཤོས་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ ཞུ་བ་འབད་མི་ལུ་ རྒྱ་གར་གཞུང་གིས་ཡང་ ངོས་ལེན་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ མང་སྡེ་ཆུ་གློག་མེ་ལས་འགུལ་དེ་ རྒྱལ་ཁབ་ནང་ འོང་འབབ་མཐོ་ཤོས་བཟོ་མི་ ལས་འགུལ་ཅིག་ འོང་ནི་ཨིན་པས།
ལས་འགུལ་དེ་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་ལས་འགུལ་ཅིག་སྦེ་ འགོ་འདྲེན་འཐབ་ཡོདཔ་ལས་ འཕྲོ་མཐུད་དེ་ འབད་ནི་གི་ རེ་བ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ད་ འབྲུག་གི་འཐུས་མི་སྡེ་ཚན་གྱིས་ རྒྱལ་ཁབ་གཉིས་ཀྱི་བར་ནའི་ དཔེ་སྟོན་ལས་འགུལ་ཅིག་སྦེ་ འགོ་བཙུགས་ནིའི་ འཆར་གཞི་ཡོད་མི་ སུན་ཀཱོཤ་གློག་མེ་ལས་འགུལ་སྐོར་ལས་ཡང་ གྲོས་བསྟུན་འབད་ནི་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་ལས་འགུལ་དེ་ ཤུལ་མའི་ཟླཝ་ནང་ལས་ ཐོན་སྐྱེད་འགོ་བཙུགས་ནིའི་ འཆར་གཞི་ཡོད་པའི་ཁར་ ལས་འགུལ་དེ་ཡང་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ དུས་སྟོན་སྦོམ་ཤོས་ཅིག་སྦེ་ བཞག་ཡོདཔ་ཨིན་པས།་
རྒྱ་གར་གྱི་ བློན་ཆེན་གྱིས་ ན་ཧིང་ བློན་ཆེན་བགྲེསཔ་གི་ གཟིགས་སྐོར་སྐབས་ རྒྱ་གཞུང་གིས་ འབྲུག་གི་མི་སྡེ་དཔལ་འབྱོར་གོང་འཕེལ་དོན་ལུ་ གྲོགས་རམ་ཚུ་ འཕྲོ་མཐུད་འབད་ནི་དང་ འཆར་གཞི་༡༢ པའི་དོན་ལུ་ རྒྱབ་སྐྱོར་ཧྲིལ་བུ་ཡོད་ཟེར་གསུངས་ནུག།
བློན་ཆེན་གྱིས་ འབྲུག་དང་ རྒྱ་གར་གྱི་ མཐུན་ལམ་དེ་ རྒྱལ་ཁབ་སྦོམ་དང་ ཆུང་ཀུའི་བར་ན་ དམ་ཟབ་བཞག་ཚུགས་མི་དེ་ རྒྱལ་སྤྱི་ནང་ དཔེ་སྟོན་རུང་བའི་ མཐུན་ལམ་ཁྱད་འཕགས་ཅན་ཅིག་ཨིན་ཟེར་གསུངས་ཡི།
བློན་ཆེན་གྱི་ གཟིགས་སྐོར་སྐབས་ ཕྱི་འབྲེལ་བློན་པོ་དང་ བསྟན་རྒྱས་བློན་པོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ དེ་ལས་ དངུལ་རྩིས་ལྷན་ཁག་གི་ བློན་པོ་དང་དྲུང་ཆེན་གཉིས་ལས་༡ འབྱོན་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *