བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ འགྱུར་མེད་རྒེད་འོག་གི་ མི་སེར་ཚུ་ལུ་ གསུང་བཤད་གནང་པའི་བསྒང་།

བློན་ཆེན་མཆོག་གིས་ མོང་སྒར་གྱི་རྒེད་འོག་ཚུ་ནང་ གཟིགས་སྐོར་གནང་ཡོདཔ།

༉ འགྱུར་མེད་རྒེད་འོག་གི་ མི་སེར་ཚུ་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ རྒེད་འོག་ནང་ལས་ ཀུར་རི་དང་ གོང་རི་འཛོམས་སའི་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་ ཕྲང་ལམ་དེ་ སེལ་དགོ་པའི་ཞུ་བ་ཕུལ་ཡི།
དེ་ཡང་ མི་སེར་སོ་ནམ་པ་ སངས་རྒྱས་ཀྱིས་ ཞུ་མིའི་ནང་ འགྱུར་མེད་རྒེད་འོག་གི་ མི་སེར་ཚུ་ རྒྱུན་འགྲུལ་འཐབ་པའི་སྐབས་ སྐྱེངས་མཁར་རྒེད་འོག་བརྒྱུད་དེ་ འགྱོ་དགོ་མི་ལུ་བརྟེན་ དུས་ཡུན་ཆུ་ཚོད་༢ དེ་རེ་ འགོར་དོ་ཡོདཔ་ལས་ སོ་ནམ་གྱི་ལཱ་འབད་ནི་དང་ སོ་ནམ་ཐོན་སྐྱེད་སྐྱེལ་འདྲེན་འབད་ནི་ལུ་ ཟད་འགྲོ་ཐེབས་གནསཔ་མས་ཟེར་ཨིན་པས།
ད་ལྟོ་སེལ་བའི་བསྒང་ཡོད་མི་ རྒྱལ་པོའི་ཞིང་དང་ ངང་ལམ་གཞུང་ལམ་དེ་ འགྱུར་མེད་རྒེད་འོག་དང་གཅིག་ཁར་ སྦྲེལ་མཐུད་འབད་ནི་ལུ་ ཀི་ལོ་མི་ཊར་༩ ཡོད་མི་ལས་ ཀི་ལོ་མི་ཊར་ཕྱེད་དང་༥ དེ་ཅིག་ སེལ་ཚར་རུང་ ལྷག་ལུས་སེལ་ནི་ལུ་ མ་དངུལ་མེད་པར་ ཐོགས་ལུས་ཡོདཔ་ལས་ གཞུང་གིས་ མ་དངུལ་གྱི་ རྒྱབ་སྐྱོར་གནང་དགོ་པའི་ ཞུ་བ་ཕུལ་ཡི།
བློན་ཆེན་དྲགོས་ ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ རྒེད་འོག་གི་ ལམ་སེལ་ནིའི་དོན་ལུ་ ཟད་འགྲོ་སྦོམ་ར་ གནས་དོ་ཡོདཔ་མ་ཚད་ ད་རེས་ནངས་པར་ རྩི་ནག་གཏང་ནིའི་དོན་ལུ་ ཟད་འགྲོ་ཁ་སྐོང་གནས་མི་ཚུ་ག་ར་ མི་སེར་གྱི་ ཕན་ཁྱད་ལུ་ཨིན་ཟེར་ཨིན་མས།
རྒེད་འོག་གི་ སོ་ནམ་ཞིང་ལམ་དེ་ ཧེ་མ་ལས་ རྒྱལ་པོའི་ཞིང་དང་ ངང་ལམ་གཞུང་ལམ་དང་གཅིག་ཁར་ མཐུད་སྦྲེལ་འབད་དེ་ སེལ་དགོཔ་ཅིག་ཨིན་རུང་ དེ་ཚུ་མཇུག་བསྡུ་མ་ཚུགས་པར་ལུས་ནུག་ཟེར་ཨིནམ་ད་ བློན་ཆེན་གྱིས་འབད་བ་ཅིན་ ད་ལྟོ་སེལ་ཚར་ཡོད་མིའི་ལམ་དེ་ ལག་ལེན་ལེགས་ཤོམ་སྦེ་འཐབ་པ་ཅིན་ ལེགས་ཤོམ་འོང་ཟེར་ གསུངས་ཡི།
བློན་ཆེན་མཆོག་གིས་ འགྱུར་མེད་རྒེད་འོག་ནང་ མ་བྱོན་པའི་ཧེ་མར་ སྐྱེངས་མཁར་རྒེད་འོག་ནང་བྱོན་ཏེ་ མི་སེར་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ནུག།
ཞལ་འཛོམས་ཀྱི་སྐབས་ རྒེད་འོག་གི་ འཆམ་གྱི་སློབ་དཔོན་གྱིས་ རང་ལུགས་ཀྱི་ སྔར་སྲོལ་ལམ་ལུགས་ཚུ་ བདག་འཛིན་འབད་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ འཆམ་རྐྱབ་མི་ སྒོམ་ཆེན་དང་ མི་གནགཔ་ཚུ་འབདཝ་ལས་ ཁོང་ཆ་ཁྱབ་ འཆམ་རྐྱབ་པའི་སྐབས་ གླ་འཐུས་ཐོབ་ལམ་གྱི་སྐོར་ ག་ནི་ཡང་མེད་མི་ལུ་བརྟེན་ འཆམ་དང་ཞབས་ཁྲ་རྐྱབ་ནི་ལུ་ སྤྲོ་བ་ཞེན་དོ་ཡོདཔ་ལས་ མར་ཉམས་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ བློན་ཆེན་ལུ་ ཞུ་བ་ཕུལ་ཡི།
རང་ལུགས་ཀྱི་ འཆམ་དང་ཞབས་ཁྲ་རྐྱབ་ནི་དེ་ རང་ལུགས་ཀྱི་ ལམ་སྲོལ་ཅིག་འབདཝ་ལས་ གཞུང་གིས་ རྒྱབ་སྐྱོར་གནང་ཚུགས་པ་ཅིན་ རྒྱུན་སྐྱོང་འཐབ་ནི་ལུ་ ཕན་རླབས་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ ཞུ་ཡི།
བློན་ཆེན་གྱིས་ ལམ་སྲོལ་བདག་འཛིན་འཐབ་ནིའི་ འགན་ཁུར་དེ་ གནད་གལ་ཅན་ཅིག་ཨིན་རུང་ གཞུང་གིས་ གླ་འཐུས་སྤྲོད་པ་ཅིན་ སྐྱེངས་མཁར་རྒེད་འོག་ རྐྱངམ་གཅིག་ནང་མེན་པར་ རྫོང་ཁག་༢༠ འི་ རྒེད་འོག་ག་ར་ནང་ སྤྲོད་དགོ་ནི་ཨིནམ་ལས་ གཞུང་གིས་ ངོས་ལེན་འབད་ནི་ལུ་ ཐུགས་ཐག་བཅད་མི་ཚུགས་ཟེར་ ཨིན་མས།
བློན་ཆེན་གྱིས་ སྐྱེངས་མཁར་འབྲིང་རིམ་སློབ་གྲྭ་འོག་མ་དེ་ ཡར་སེང་འབད་དེ་ སློབ་གྲྭ་ལྟེ་བ་ལུ་ འགྱུར་ཚུགས་ནི་ཨིན་རུང་ རྒེད་འོག་ནང་ ཆུའི་དཀའ་ངལ་སེལ་དགོཔ་ཡོདཔ་ལས་ གོ་སྐབས་སྤྲོད་མི་ཚུགས་ནི་མས་ཟེར་ གསུངས་ཡི།
རྒེད་འོག་རྒཔོ་གིས་ འཐུང་ཆུའི་དཀའ་ངལ་སེལ་ནིའི་དོན་ལུ་ ཆུ་རྐ་ལེགས་ཤོམ་ཅིག་ ངོས་འཛིན་འབད་ཞིནམ་ལས་ བགོ་བཀྲམ་འབད་ནིའི་ དམིགས་ཡུལ་ཡོད་ཟེར་ ཞུ་ཡི།
བློན་ཆེན་གྱིས་ གཟིགས་སྐོར་གནངམ་དང་འབྲེལ་ སྔ་ཚང་རྒེད་འོག་དང་ ཤེར་མུ་ཧཱུྂ་ དེ་ལས་ ལྕགས་སི་ཁར་རྒེད་འོག་ཚུ་ནང་བྱོན་ཏེ་ མི་སེར་ཚུ་དང་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *