བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ གནམ་བྱཱར་གྱི་ སློབ་གྲྭའི་ངལ་གསོ་ནང་ གཡུས་ཁར་འོང་མི་ སློབ་ཕྲུག་བུམོ་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།

བློན་ཆེན་གྱིས་ སློབ་ཕྲུག་ཚུ་ལུ་ སོ་ནམ་དང་འབྲེལ་བའི་ ཤེས་ཡོན་སྟོན་དགོ་པའི་བཀའ་སློབ།

༉ འཕྲལ་ཁམས་ཅིག་ཁར་ མོང་སྒར་རྫོང་ཁག་གི་ རྒེད་འོག་ཚུ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ གཟིགས་སྐོར་བྱོན་པའི་སྐབས་ ས་གླིང་རྒེད་འོག་གི་ མི་སེར་ཚུ་གིས་ སློབ་ཕྲུག་ཚུ་ལུ་ སོ་ནམ་གྱི་ ལཱ་འབད་བཅུག་དགོཔ་ གལ་ཅན་ཨིན་པའི་སྐོར་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ སྡོད་པའི་སྐབས་ དཔེ་ཆ་ལེགས་ཤོམ་སྦེ་ ལྷབ་དོ་ཡོད་མེད་ བརྟག་ཞིབ་འབད་ནི་དང་ ཁྱིམ་ནང་གི་ལཱ་ དཔེར་ན་ འཕྱག་བདར་རྐྱབ་ནི་དང་ བཞེས་སྒོ་འབད་ནི་ གོ་ལ་འཁྱུ་ནི་ཚུ་ ཕམ་དང་སོ་ནམ་པ་ཚུ་གིས་ སྟོན་དགོཔ་མ་ཚད་ སོ་ནམ་དང་ སྒོ་ནོར་གྱི་ལཱ་ཚུ་ཡང་ འབད་བཅུག་དགོ་ཟེར་ཨིན་མས།
དེ་གིས་མ་དོ་བར་ ལམ་ལུགས་སྲོལ་དང་ ནང་པའི་ཆོས་ཚུ་ སྟོན་དགོཔ་མ་ཚད་ ལྷག་པར་དུ་ ཕམ་ཚུ་གིས་ ཨ་ལོ་ཚུ་ ལོ་ན་ཆུང་ཀུ་སྦེ་ སྡོད་པའི་བསྒང་ལས་ར་ སྒྲིག་ནང་བཙུགས་དགོཔ་ཁག་ཆེ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཕམ་ཚུ་གི་ ཁ་ཐུག་ལས་ རང་སོའི་ཨ་ལོ་ཚུ་ སྒྲིག་ཁྲིམས་སྟོན་བྱིན་པ་ཅིན་ སློབ་གྲྭ་ནང་ དཔེ་ཆ་ལེགས་ཤོམ་སྦེ་ ལྷབ་ནི་དང་ སྦོམ་ཐལཝ་ད་ མནོ་བསམ་བཏང་ཤེས་ཏེ་ ལཱ་གཡོག་འཐོབ་ནི་དང་ ལཱ་གཡོག་ཐོབ་པའི་བསྒང་ལས་ ཕམ་དང་ སྤུན་ཆ་ཚུ་ལུ་ དྲིན་ལན་འཇལ་ཏེ་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་ཚུགས་ནི་དང་ ཁོང་རའི་མི་ཚེ་ནང་ ཕན་ཐོགས་ཚུགས་ཟེར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་ཡི།
གལ་སྲིད་ ཆུང་ཀུ་བསྒང་ལས་ར་ ཕམ་ཚུ་གིས་ ཨ་ལོ་ཚུ་ སྒྲིག་ཁྲིམས་མ་སྟོན་པའི་ཁར་ སྒྲིག་བཙུགས་མ་ཚུགས་པ་ཅིན་ ཆ་རོགས་བཀྲ་མ་ཤིསཔ་ཚུ་དང་ ཁ་བསྡོམས་ཞིནམ་ལས་ ཆང་དང་ སྨྱོ་རྫས་ལོག་སྤྱོད་འབད་ནི་ ཏམ་ཁུ་འཐུང་ནི་ འཐབ་འཛིང་འབད་ནི་ ཁྲིམས་སྲུང་འགག་པ་དང་འཐབ་སྟེ་ དོ་དམ་འོག་ལུ་བཙུགས་ འབད་བའི་བསྒང་ མ་འོངས་པ་ལུ་ ཕན་ཐོགས་འབྱུང་མི་ཚུགས་འོང་ཟེར་ གསུངས་ཡི།
དེ་འབདཝ་ལས་ རང་གི་ཨ་ལོ་དང་ ཚབོ་དང་ཚམོ་ཚུ་ གཅེས་སྐྱོང་འབད་ནི་དེ་ ཁག་ཆེ་བའི་ཁར་ སྒྲིག་བཙུགས་ནི་དེ་ཡང་ ག་ནི་བ་ གལ་ཆེ་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ མ་གཞི་ སྤྱི་ལོ་༢༠༡༦ ཚུན་ བར་མཚམས་ཀྱི་ སློབ་གྲྭའི་ངལ་གསོ་དེ་ བདུན་ཕྲག་༢ ལས་བརྒལ་མེད་རུང་ དུས་ཅི་ལས་ འགོ་བཟུང་སྟེ་ སློབ་གྲྭའི་ངལ་གསོ་ ཟླཝ་གཅིག་གི་རིང་ གནང་མི་དེ་ གཙོ་བོ་ར་ ཨ་ལོ་ཚུ་ གཡུས་ཁ་ལུ་འོངམ་ད་ ཕམ་དང་ སྤུན་ཆ་ཚུ་ལུ་ ཆ་རོགས་འབད་འོང་མནོ་སྟེ་ཨིན་ཟེར་གསུངས་ཡི།
ད་རེས་ནངས་པར་ ལྕང་ལཱ་འགོ་བཙུགས་མི་དང་ གེ་ཟ་ཞིང་ནང་ གཡུར་མ་རྐྱབ་ནི་ དེ་ལས་ ཁྱིམ་ནང་ལཱ་ལེ་ཤ་འབད་དགོ་པའི་སྐབས་ ཕམ་ལུ་ ལཱ་རུབ་འབད་དེ་ ཕན་ཐོགས་འབྱུང་ཚུགས་འོང་མནོ་སྟེ་ ངལ་གསོའི་དུས་ཡུན་ རིངམོ་བཟོ་མི་དེ་ གནད་དོན་དེ་ལུ་བརྟེན་ཨིན་ཟེར་གསུངས་ཡི།
ཨིན་རུང་ གྲོང་གསེབ་ཁག་ལས་ཕར་སྡོད་མི་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ལུ་ དཔེ་ཆ་ལེགས་ཤོམ་སྟོན་མ་ཚུགས་པའི་ཁར་ སྒྲིག་ནང་ཡང་མ་བཙུགས་ ཨ་ལོ་ཚུ་གིས་ཡང་ ཚགས་ཁར་མ་ཚུད་པ་ཅིན་ ཤུལ་ལས་ ཡོད་མི་དང་ མེད་མི་ཚུ་གི་བར་ན་ ཁྱད་པར་གནམ་མེད་ས་མེད་ སྦོམ་ཆགས་ནི་ཨིན་པའི་ ཚ་གྱང་སྦོམ་ལང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
དེ་འབད་ནི་དེ་གིས་ སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཨ་ལོ་ཚུ་ ཆུང་ཀུའི་བསྒང་ལས་ སློབ་གྲྭ་ལྟེ་བ་ནང་ བཙུགས་དགོ་ཟེར་ བློན་ཆེན་གྱིས་ མི་སེར་ཚུ་ལུ་ དྲན་གསལ་གནང་ཡི།
ད་ལྟོ་ཚུན་ ས་གླིང་རྒེད་འོག་ནང་ མི་སེར་ཚུ་གི་དོན་ལུ་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་སྦེ་ ལག་ལེན་འཐབ་མི་དེ་ འཕྲལ་ཁམས་ཅིག་ཁར་ མཐོ་རིམ་སློབ་གྲྭ་གུ་ ཡར་སེང་འབད་དེ་ཡོདཔ་ལས་ མི་སེར་ལུ་ ཕན་ཐོགས་ཚུགས་ནི་ཨིན་པའི་གནས་ཚུལ།

ས་གླིང་ལས་ བཀྲིས་ཕུན་ཚོགས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *