༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་ དུས་ཅིའི་ལོ་རྫོགས་ཁམས་དང་ ཡང་ཅིན་ སྤྱི་ཚོགས་དང་པའི་སྐབས་སུ་ རྒྱ་གར་ ནིའུ་ལྡི་ལི་ལུ་ བྱོན་ནིའི་རེ་འདུན་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ཀྱི་ ཟླ་བའི་སྔ་ཆ་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ བི་ཇེ་ཀེ་སཱབ་གོ་ཁ་ལེ་ འབྲུག་ལུ་གཟིགས་སྐོར་ལུ་ བྱོན་པའི་སྐབས་ བློན་ཆེན་གྱི་ གཟིགས་སྐོར་བྱོན་ནིའི་ཚེས་གྲངས་དེ་ ཤུལ་མའི་ཟླཝ་ མཇུག་བསྡུ་ཁམས་ལུ་ཨིནམ་སྦེ་ གཞུང་འབྲེལ་གྲོས་འཆར་ཕུལ་ཡི་ཟེར་ཨིན་པས།
རྒྱ་གར་བློན་ཆེན་གྱི་ མགྲིན་ཚབ་སྦེ་ ཕྱི་འབྲེལ་དྲུང་ཆེན་གྱིས་ བློན་ཆེན་མཆོག་ རྒྱ་གར་ལུ་ གཟིགས་སྐོར་ནང་བྱོན་དགོ་པའི་ མགྲོན་བརྡ་ཕུལ་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་གིས་ སླབ་མིའི་ནང་ བློན་ཆེན་མཆོག་ རྒྱ་གར་གཞུང་དང་གཅིག་ཁར་ འཆར་གཞི་༡༢ པའི་འཆར་དངུལ་དང་ གོང་འཕེལ་གྱི་འཆར་གཞིའི་ རྒྱབ་སྐྱོར་གྱི་སྐོར་ལས་ གསུང་གྲོས་ཚུ་ གནང་འོང་ཟེར་ཨིན་པས།
རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་ དུས་ཅིའི་ལོ་ནང་ འབྲུག་ལུ་ གཟིགས་སྐོར་ནང་ བྱོན་ནིའི་འཆར་གཞི་ཡོད་རུང་ སྤྱི་ཚོགས་ཀྱི་ བཙག་འཐུའི་ལས་རིམ་ལུ་བརྟེན་ ཕར་འགྱངས་འབད་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ བློན་ཆེན་མཆོག་ སྤྱི་ལོ་༢༠༡༩ ཟླ་༡ པའི་ནང་ མང་སྡེ་ཆུ་ གློག་མེ་འཕྲུལ་ཨམ་ འགོ་བཙུགསཔ་དང་འབྲེལ་ བྱོན་ནི་བཟུམ་ཅིག་ཡོད་ཟེར་ཨིན་པས།
གློག་མེ་འཕྲུལ་ཨམ་དེ་ འགོ་འབྱེད་མ་འབད་བའི་ཧེ་མར་ འབྲུག་དང་ རྒྱ་གར་གཞུང་གི་བར་ན་ གློག་མེ་ ཕྱིར་ཚོང་གི་ གོང་ཚད་སྐོར་ལས་ གསུང་གྲོས་གནང་ནི་ཨིནམ་ད་ གློག་མེ་ ནུས་ཤུགས་ མེ་ག་ཝཊ་༧༢༠ འབད་མིའི་ལས་འགུལ་འོང་ འབབ་ཀྱིས་ ཧ་ལམ་ འབྲུག་གི་འཆར་གཞི་༡༢ པའི་ འཆར་དངུལ་ལང་ཚུགས་པའི་ དམིགས་འཆར་ཡོད་ཟེར་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ འབྲུག་དང་ རྒྱ་གར་༢ ཀྱི་བར་ནང་ མཐུན་ལམ་དམ་ཟབ་ཡོད་པའི་ཁར་ འདས་པའི་གཞུང་ གཉིས་ལུ་ རྒྱབ་སྐྱོར་གནང་ཏེ་ཡོདཔ་མ་ཚད་ ད་ལྟོའི་གཞུང་ལུ་ཡང་ རྒྱབ་སྐྱོར་འཕྲོ་མཐུད་དེ་ར་ གནང་ནིའི་རེ་བ་ཡོད་ཟེར་ཨིན་ པས།
རྒྱ་གར་གཞུང་གིས་ འཆར་གཞི་༡༡ པའི་ནང་ དཔལ་འབྱོར་ལྷན་ཐབས་འཆར་གཞི་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༥ བརྩིས་ཏེ་ ཡོངས་བསྡོམས་ རྒྱབ་སྐྱོར་མ་དངུལ་ ཐེར་འབུམ་༥༠ གནང་ཡི་ཟེར་ཨིན་པས།
རྒྱ་འབྲུག་གི་མཐུན་འབྲེལ་ ལོ་ངོ་༥༠ འཁོར་བའི་ལོ་དང་འབྲེལ་ མཐུན་ལམ་དམ་ཟབ་གནས་ཐབས་ལུ་ འདས་པའི་གཞུང་གི་ བློན་ཆེན་གྱིས་ ནིའུ་ལྡི་ལི་ལུ་ གཟིགས་སྐོར་བྱོན་པའི་ཁར་ ད་རེས་འབདཝ་ད་ ཆེ་མཐོའི་གཟིགས་སྐོར་ནང་ ཐེངས་༢ པ་བྱོན་ནི་ཨིན་པའི་གནས་ཚུལ།
ཚེ་རིང་དཔལ་ལྡན་དང་ པདྨ་རིན་འཛིན།