བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱི་ སྐུ་མདུན་ལུ་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་དང་ ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ ཆིངས་ཡིག་བརྗེ་སོར་འབད་བའི་བསྒང་།

བློན་ཆེན་གྱིས་ ལྷན་ཁག་༢ ཀྱི་བར་ན་ གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་དང་གཅིག་ཁར་ རྩིས་ལོ་༢༠༡༧-༡༨ ཀྱི་ གཞུང་སྐྱོང་མཆོག་འགྱུར་རམ་ ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་གནང་ཡི།

དེ་བཟུམ་སྦེ་ ལྷན་ཁག་གི་ དྲུང་ཆེན་དང་ ལས་ཁུངས་ཁག་གི་ མདོ་ཆེན་ཚུ་གི་བར་ན་ཡང་ བློན་ཆེན་གྱི་ སྐུ་མདུན་ལུ་ ཆིངས་ཡིག་ཚུ་གུ་ མིང་རྟགས་བཀོད་ཅི།

ཤེས་རིག་ལྷན་ཁག་གི་ ལོ་བསྟར་ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དེ་ཡང་ འབྲེལ་ཡོད་ཤེས་རིག་སྤུས་ཚད་ཡར་དྲག་དང་ ཡུན་བརྟན་གྱི་ཤེས་ཡོན་ འཐོབ་ཚུགས་བཟོ་ནི་ དེ་ལས་ ན་གཞོན་གོང་འཕེལ་ལས་རིམ་དང་ ཞབས་ཏོག་ཚུ་ སྒྲིང་སྒྲི་བཟོ་ཐབས་ལུ་ཨིན་པས།

དེ་གིས་མ་དོ་བར་ ན་ལོན་ཤེས་ཡོན་ གོང་འཕེལ་གཏང་ནི་དང་ འཆར་དངུལ་ཚུ་ ཚུལ་ལྡན་སྦེ་སྤྱོད་ནི་ དེ་ལས་ བརྡ་དོན་ཡོངས་འབྲེལ་གྱི་ ཞབས་ཏོག་ཚུ་ སྐྱེལ་སྤྲོད་འབད་ནི་ཨིནམ་མ་ཚད་ ན་གཞོན་བུམོ་དང་ བུཚ་ཚུ་གིས་ དུས་རབས་༢༡ པའི་ རིག་རྩལ་དང་ རིག་པ་ དེ་ལས་ བརྩི་མཐོང་ཚུ་གི་ གདོན་ལེན་ལུ་ གྲ་སྒྲིག་འབད་ནི་ཨིན་པས།

ཤེས་རིག་སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ ལྷན་ཁག་གིས་ གཞི་རིམ་ཤེས་ཡོན་གྱི་ ཚད་གཞི་དེ་ བརྒྱ་ཆ་༡༠༠ ཡན་ཆད་རྒྱུན་སྐྱོང་འབད་ནི་དང་ འཕྲུལ་རིག་དང་ བརྡ་དོན་གྱི་ འཆར་གཞི་ཨམ་དང་ སློབ་གྲྭའི་ལེགས་བསྒྱུར་ལས་རིམ་ ལག་ལེན་འཐབ་ནི་ དེ་ལས་ སློབ་དཔོན་གྱི་ མི་སྟོབས་སྲིད་བྱུས་ལག་ལེན་འཐབ་ནིའི་ ལས་རིམ་ཚུ་ཡོདཔ་ཨིན་པས།

དེ་ལས་ ཡུན་བརྟན་གྱི་ཤེས་ཡོན་ འཐོབ་ཚུགས་བཟོ་ནི་དང་ སློབ་ཕྲུག་ཚུ་གི་ ཟས་བཅུད་དང་ གཟུགས་ཁམས་འཕྲོད་བསྟེན་ ལེགས་ལྡན་བཟོ་ནི་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ གྱངས་ཁ་ཡར་སེང་འབད་ནི་དང་ དམིགས་བསལ་གྱི་ ཤེས་ཡོན་ཞབས་ཏོག་ གོང་འཕེལ་གཏང་ནི་ཚུ་ ལས་འབྲེལ་ཆིངས་ཡིག་ནང་ཚུད་ནུག།

ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་འབད་བ་ཅིན་ འཆར་གཞི་༡༢ པའི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ སྤྱི་འོག་རེ་ནང་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བ་རེ་ གཞི་བཙུགས་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིན་པས།

ན་གཞོན་གོང་འཕེལ་གཏང་ནིའི་ཐད་ཁར་ སློབ་ཕྲུག་ག་ར་ རྩེད་རིགས་ཚུ་ནང་ བཅའ་མར་གཏོགས་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་དང་ ན་གཞོན་དང་འབྲེལ་བའི་ མཐུན་རྐྱེན་དང་ ཞབས་ཏོག་ དེ་ལས་ སློབ་གྲྭ་ཚུ་ནང་ བསླབ་སྟོན་ལས་རིམ་ཚུ་ སྒྲིང་སྒྲི་བཟོ་ནིའི་ ལས་འཆར་ཡོད་ཟེར་ ལས་འབྲེལ་ཆིངས་ཡིག་ནང་བཀོད་ནུག།

ད་རེས་ རྒྱལ་ཁབ་ནང་ སློབ་གྲྭ་ལྟེ་བ་༦༢ རྐྱབ་ཚར་ཏེ་ཡོད་པའི་ཁར་ སློབ་གྲྭ་ལྟེ་བ་༣༠ རྐྱབ་ནིའི་དོན་ལུ་ རྫོང་ཁག་དང་ ཁྲོམ་སྡེ་ཁག་གིས་ གཞི་རྟེན་ཞིབ་འཚོལ་འབད་ནི་ལུ་ གྲོགས་རམ་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ན་གཞོན་ལྟེ་བ་ཁ་སྐོང་ གཞི་བཙུགས་འབད་དགོཔ་ཨིན་པས།

ཤེས་རིག་ནང་ གདོང་ལེན་ཚུ་ཡང་ སློབ་དཔོན་མ་ལང་པའི་ དཀའ་ངལ་དང་ ན་གཞོན་སློབ་དཔོན་ཚུ་ལུ་ ཤེས་ཡོན་ཉུང་སུ་ཡོད་མི་ དེ་ལས་ རྒྱལ་ཁབ་ནང་ སློབ་གྲྭ་ཚད་ལས་བརྒལ་ཡོད་མི་ལུ་བརྟེན་ གཞི་རྟེན་མཁོ་ཆས་ལངམ་མེད་པའི་ དཀའ་ངལ་ཚུ་ཡོད་ཟེར་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ བཤད་པའི་ཁར་ དཀའ་ངལ་དེ་ཚུ་ སེལ་ཐབས་ལུ་ ལྷན་ཁག་གིས་ ཐབས་ཤེས་ཚུ་བཏོན་ཏེ་ཡོད་ཟེར་ཨིན་པས།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ ཤེས་རིག་ལྷན་ཁག་གིས་ ལོ་༤ གི་ནང་འཁོད་ལུ་ འཆར་གཞི་བ་ལྷགཔ་སྦེ་ གྲུབ་འབྲས་ལེགས་ལྡན་ཐོན་མི་ལུ་ ངལ་རངས་ནང་ དགའ་ཚོར་ཡོད་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ལོ་བསྟར་གྱི་ གན་ཡིག་དེ་ཡང་ བློན་ཆེན་དང་ ལྷན་ཁག་གི་ བློན་པོ་ཚུ་གི་བར་ན་ བཀོདཔ་ཨིན་རུང་ ད་རེས་ དྲུང་ཆེན་དང་ མདོ་ཆེན་ཚུ་གི་བར་ན་ བཀོད་མི་ལུ་བརྟེན་ ལེགས་ཤོམ་ཡར་སོ་ཡི་ཟེར་ བློན་ཆེན་གྱིས་ གསུངས་ཡི།

དེ་གི་ཧེ་མ་ བློན་ཆེན་གྱིས་ དྲོ་པ་ཁམས་ཅིག་ཁར་ སོ་ནམ་དང་ ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་དང་གཅིག་ཁར་ཡང་ གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་དེ་ རྩིས་ལོ་༢༠༡༧-༡༨ ཀྱི་ གཞུང་འབྲེལ་ཟླ་ཐོ་ཅིག་ཡང་ གསར་བཏོན་གནང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *