༉ སུ་ཡིསི་ཚོགས་སྡེའི་སྲིད་འཛིན་ ཨ་ལེན་ བར་སེཊ་གི་ མགྲོན་བརྡ་ཕུལ་མི་དང་བསྟུན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་༣ པའི་ཚེས་༨ ལུ་ སི་ཡིད་ཛར་ལེནཌ་གི་ཁྲོམ་སྡེ་ བཱན་ལུ་ གཞུང་འབྲེལ་གཟིགས་སྐོར་གནང་ཡོདཔ་ཨིན་པས།
ཇེ་ནི་བ་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ དབུ་ཁྲིད་གཉིས་ཆ་ར་གིས་ ཟུང་ཕྱོགས་མཐུན་ལམ་ བསྐྱར་ཞིབ་གནང་ཡོདཔ་མ་ཚད་ མཐུན་འབྲེལ་རྒྱ་སྐྱེད་དང་ དམ་ཟབ་བཟོ་ནི་གི་ ཐབས་ལམ་ཚུ་གི་སྐོར་ གསུང་གྲོས་གནང་པའི་ཁར་ རྒྱལ་སྤྱིའི་གནད་དོན་ཚུ་གི་སྐོར་ ཐུགས་འཆར་བརྗེ་སོར་ཐོག་ ཕན་ཚུན་ལུ་ འབྲེལ་གནད་ཡོད་པའི་ ལས་དོན་ཚུ་ནང་ མཉམ་འབྲེལ་ཡར་དྲག་གཏང་ནི་གི་ གྲོས་འཆམ་བྱུང་ཡི་ཟེར་བཀོད་ནུག།
སུ་ཡི་ཛར་ལེནཌ་དེ་ སྤྱི་ལོ་༢༠༡༧ ཚུན་ཚོད་ འབྲུག་གི་དོན་ལུ་ གོང་འཕེལ་མཉམ་རོགས་གཙོ་ཅན་ཅིག་ཨིནམ་ད་ གཟིགས་སྐོར་ལུ་བརྟེན་ བློན་ཆེན་གྱིས་ སུ་ཡིད་ཛར་ལེནཌ་གིས་ རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལས་ གྲོགས་རམ་བྱིན་མི་དེ་ལུ་ འབྲུག་གི་མི་སེར་ཚུ་གི་ ཁ་ཐུག་ལས་ སི་ཡིསི་གི་ མི་སེར་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཞུ་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
འབྲུག་དང་ སུ་ཡིད་ཛར་ལེནཌ་རྒྱལ་ཁབ་༢ ཀྱི་ མཐུན་འབྲེལ་དེ་ སྤྱི་ལོ་༡༩༥༠ ང་གྲངས་ལུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་དང་ བཱོན་ཤུལཐེསི་བཟའ་ཚང་གི་བར་ན་ སྐུ་སྒེར་མཐུན་ལམ་དམ་ཟབ་ཡོད་མི་ལས་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༡༩༨༥ ཟླ་༩ པའི་ཚེས་༡༦ ལུ་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་གཞི་བཙུགས་འབད་ནུག།
སྤྱི་ཟླ་༣ པའི་ཚེས་༥ ལས་༧ ཚུན་ བློན་ཆེན་གྱིས་ བཱ་ར་སིལསི་ལུ་ཡོད་མི་ ཡུ་རོ་པིན་སྤྱི་མཐུན་གྱི་ ཡིག་ཚང་གཙོ་ཁང་ཚུ་ནང་ གཟིགས་སྐོར་གནང་སྟེ་ ཡུ་རོ་པིན་ལྷན་ཚོགས་དང་ ཡུ་རོ་པིན་སྤྱི་ཚོགས་ཀྱི་ གཙོ་འཛིན་༢ དང་ ཆེ་མཐོའི་འགོ་དཔོན་གཞན་ཚུ་དང་ མཇལ་ཕྲད་གནང་ནུག།
ཡུ་རོ་པིན་སྤྱི་མཐུན་དེ་ འབྲུག་གི་དོན་ལུ་ སྤྱི་ལོ་༡༩༨༢ ལས་ གོང་འཕེལ་མཉམ་རོགས་གཙོ་ཅན་སྦེ་ གནས་ཡོདཔ་མ་ཚད་ སྤྱི་ལོ་༡༩༨༥ ཟླ་༨ པའི་ཚེས་༩ ལུ་ འབྲུག་དང་ ཡུ་རོ་པིན་སྤྱི་མཐུན་གྱི་བར་ན་ གཞུང་འབྲེལ་ཐོག་ ཕྱི་འབྲེད་དོན་གཅོག་མཐུན་ལམ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།