བློན་ཆེན་གྱིས་ ཚོགས་པའི་མཐའ་དོན་ཚུ་ལུ་ རྒྱབ་འགལ་འབད་ནི་མེད་པའི་ཉེན་བརྡ།

༉ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ཡང་ཨིན་མི་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཕྱག་ཞུ་བའི་བསྒང་ཡོད་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཚོགས་པ་ལུ་ ཁ་གཏང་ནི་མེདཔ་སྦེ་ ཉེན་བརྡ་འབད་ནུག།
ཚོགས་པའི་ནང་འཁོད་ཀྱི་ འཐུས་མི་ཚུ་གིས་སླབ་མི་ ལོ་རྒྱུས་དང་འཁྲིལཝ་ད་ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་ཁང་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ སྤྱི་ཚོགས་ཀྱི་ འཐུས་མི་ག་ར་འཛོམས་སར་ བློན་ཆེན་གྱིས་ ཚོགས་པ་ལུ་ རྒྱལ་འགལ་འབད་མ་ཆོགཔ་སྦེ་ སླབ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཕྱག་ཞུ་བའི་བསྒང་ཡོད་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ གལ་སྲིད་ མི་སྡེ་བརྡ་བརྒྱུད་དང་ ས་གོ་གཞན་ཚུ་ནང་ ཚོགས་པ་ལུ་ རྒྱབ་འགལ་གྱི་ ལོ་རྒྱུས་སླབ་པ་ཅིན་ འཐུས་མི་དེ་ ཚོགས་པ་ནང་ལས་ བཏོན་གཏང་འོང་ཟེར་ སླབ་ཡོདཔ་མ་ཚད་ བློན་པོ་དང་ འཐུས་མི་ཚུ་ལུ་ བཏོན་བཏང་པ་ཅིན་ རང་བཞིན་གྱིས་ ཁོང་གི་ གོ་གནས་ཚུ་ལུ་ ཐོ་ཕོག་འོང་ཟེར་ སླབ་ནུག།
བློན་ཆེན་གྱིས་ གལ་སྲིད་ འཐུས་མི་ཚུ་གི་ དུས་ཡུན་མ་ཚངམ་ལས་ དགོངས་ཕོག་བཏང་པ་ཅིན་ ཁོང་རའི་ཐོབ་ལམ་ཚུ་ མི་འཐོབ་ཟེར་ ཉེན་བརྡ་བྱིན་ནུག།
བློན་ཆེན་གྱིས་ ཉེན་བརྡ་དེ་ཡང་ འཐུས་མི་ལ་ལོ་ཅིག་ ཁོང་རའི་ ཚབ་བཙུགས་ནི་ལུ་ ངོས་ལེན་མེད་པའི་ཤུལ་ལས་ བྱིན་ཡོདཔ་ད་ འཐུས་མི་ལ་ལོ་ཅིག་གིས་ ཚབ་བཙུགས་ནི་ལུ་ ངོས་ལེན་འབད་ཡོད་རུང་ ལ་ལོ་ཅིག་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་འདོད་ཡོདཔ་ལས་ ཁོང་གི་ཚབ་བཙུགས་མི་ལུ་ སེམས་དང་མ་ལྡན་པར་ཡོད་ནི་དེ་གིས་ཨིན་པས།
འཐུས་མི་ཅིག་གིས་ སླབ་མིའི་ནང་ ཁོ་ར་ ཚོགས་པའི་ནང་ལས་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་ནི་གི་ ཁས་ལེན་འབད་མི་དང་འཁྲིལ་ ཁོ་གི་ཚབ་སྦེ་ འདེམས་ངོ་སོ་སོར་བཏོན་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་ ཚབ་བཙུགས་མི་ འཐུས་མི་ཚུ་ ངོ་རྐྱང་སྦེ་ ཕྱད་ཐོག་ལས་ ཚོགས་པ་གིས་ ཤོག་འཛིན་མེད་པའི་སྐོར་ལས་ བཤད་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ གནས་ཚུལ་རྩོམ་སྒྲིགཔ་དང་ གནས་ཚུལ་བསྡུ་བཀོདཔ་གོངམ་ཚུ་དང་ ཕྱད་པའི་སྐབས་ བློན་ཆེན་གྱིས་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་དང་ ཚོགས་པའི་འཐུས་མི་ཚུ་གིས་ ཚོགས་པའི་སྐོར་ལས་ སྐྱོན་བརྗོད་འབད་བ་ཅིན་ དེ་དང་བསྟུན་པའི་ ངོས་ལེན་འབད་འོང་ཟེར་བཤད་ནུག།
བློན་ཆེན་གྱིས་འབད་བ་ཅིན་ ཚབ་བཙུགས་འབད་བའི་སྐབས་ ཁ་གཏང་ནི་དེ་ མི་གི་རང་བཞིན་ཅིག་ཨིན་རུང་ གལ་སྲིད་ དེ་གིས་ ཚོགས་པའི་གཅིག་སྒྲིལ་དང་ བརྩི་མཐོང་ མིང་གཏམ་ལུ་ གནོད་ཉེན་བྱུང་པ་ཅིན་ འཐུས་མི་དེ་ ཚོགས་པ་ནང་ལས་ བཏོན་གཏང་དགོ་ཟེར་ཨིན་པས།
འཐུས་མི་ག་འབད་རུང་ གལ་སྲིད་ ཚོགས་པའི་བརྩི་མཐོང་དང་ གཅིག་འགྱུར་ལུ་ སྐྱོན་བརྗོད་འབད་ཐོག་ལས་ ཚོགས་པའི་དགའ་སྐྱིད་ལུ་ ཐོ་ཕོག་པ་ཅིན་ དེ་དང་འཁྲིལ་ དང་ལེན་འབད་འོང་ཟེར་ བློན་ཆེན་གྱིས་ བཤད་ནུག།
འཐུས་མི་ལ་ལོ་ཅིག་གིས་ གྲོང་གཡུས་ཚུ་ནང་ གོ་བ་བརྡ་ལོག་སྤྲོད་དེ་ཡོད་པའི་ཁར་ ལ་ལོ་ཚབ་བཙུགས་མི་དེ་ཡང་ མི་སེར་ཚུ་གི་ རྒྱབ་སྣོན་དང་ འདེམས་ཁོངས་གནས་རིམ་གྱི་ ལས་འབྲེལ་དང་འཁྲིལ་ཏེ་ཨིན་ཟེར་ཨིན་པས།
འཐུས་མི་ཚབ་བཙུགསཔ་ད་ ཚོགས་པའི་འཐུས་མི་གོངམ་ཚུ་ཡོད་མི་ ཚོགས་ཆུང་གིས་ ཐག་བཅད་དོ་ཡོདཔ་ད་ བློན་ཆེན་གྱིས་ བཤད་མིའི་ནང་ འཐུས་མི་ལ་ལོ་ཅིག་གིས་ འདེམས་ཁོངས་ནང་ ལྟ་སྐོར་མ་འགྱོ་བར་ཡོདཔ་ལས་ མི་སེར་ཚུ་ལས་ ཉོགས་བཤད་ལྷོད་ཡོད་པའི་ཁར་ ལ་ལོ་གིས་ སྤྱི་ཚོགས་ནང་ དོན་སྨིན་ཅན་སྦེ་ ཕྱག་མ་ཞུ་མི་དང་ ཚོགས་ཆུང་ཚུ་ནང་ བཅའ་མར་མ་གཏོགས་མི་ལུ་བརྟེན་ ཚབ་བཙུགས་དགོཔ་ བྱུང་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ ཚོགས་པའི་ཞལ་འཛོམས་མང་རབས་ནང་ འཐུས་མི་ཚུ་ལུ་ ཉེན་བརྡ་འབད་ཡི་ཟེར་ཨིནམ་ད་ གལ་སྲིད་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འཐུས་མི་ཚུ་ མ་དགོ་པ་ཅིན་ དེའི་ཐོག་ལུ་ ལཱ་འབད་དགོཔ་འོང་ཟེར་ཨིན་པས།
འཐུས་མི་ཚུ་ ཚབ་བཙུགས་འབད་ནིའི་དོན་ལུ་ ཐག་བཏོག་ནི་དེ་ ལཱ་ཁག་ཅིག་ཨིན་རུང་ ཐབས་ར་མེད་པར་ འབད་དགོཔ་བྱུངམ་མས་ཟེར་ བློན་ཆེན་གྱིས་ བཤད་པའི་ཁར་ འཐུས་མི་ལ་ལོ་ཅིག་གིས་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་དེ་ ཚོགས་པའི་ནང་ འཕྲོ་མཐུད་དེ་ ཕྱག་ཞུ་ནི་སྦེ་ ཁས་ལེན་འབད་དེ་ཡོད་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ བུམ་ཐང་ཆུ་སྨད་-ཨུ་ར་འདེམས་ཁོངས་ཀྱི་འཐུས་མི་ ཚེ་དབང་འགྱུར་མེད་དང་ རྩི་ར་དཀྱིལ་འཁོར་ཐང་-མནྡལ་སྒང་གི་འཐུས་མི་ ཡོ་གིཤ་ཏ་མང་ དགེ་ལེགས་ཕུག་གི་འཐུས་མི་ གོ་པཱལ་ གུ་རུང་༣ གྱི་ཚབ་སྦེ་ སྤྱི་ཟླ་༦ པའི་ཚེས་༦ ལུ་ འདེམས་ངོ་གསརཔ་ ངོ་སྤྲོད་འབད་མི་བརྩིསཝ་ད་ ད་ཚུན་ལུ་ ཚོགས་པ་གིས་ གཞུང་འབྲེལ་ཐོག་ལུ་ འདེམས་ངོ་༡༣ དེ་ཅིག་ ཚབ་བཙུགས་ནུག།
དེ་མ་ཚད་ ཚོགས་པ་གིས་ ཚབ་བཙུགས་འབད་མི་ འཐུས་མི་གཞན་ཚུ་ཡང་ གསར་སྤང་ཤོམ་སྤང་ཁ་གི་འཐུས་མི་ རིག་འཛིན་རྡོ་རྗེ་དང་ ཇོ་མོ་གཙང་-མར་ཚ་ལའི་འཐུས་མི་ དཔལ་བཟང་དབང་ཕྱུག་ བསམ་རྩེ་བཀྲིས་ཆོས་གླིང་གི་འཐུས་མི་ རི་ཏུ་རཱཇ་ ཆེ་ཏི་རི་ རྡོ་ཕུག་ཅན་-རྟ་སྡིངས་ཀྱི་འཐུས་མི་ ཊེག་བྷ་དུར་སུ་བྷ་ འོད་སེལ་རྩེ་-ཨོ་རྒྱན་རྩེའི་འཐུས་མི་ མ་དཱན་ཀུ་མར་ ཆེ་ཏི་རི་ སྤུ་ན་ཁ་དཀར་སྦྱིས་-རྟ་ལོག་གི་འཐུས་མི་ རྡོ་ཕུག་འབྲུག་པ་ཚུ་ཨིན་པས།
དེ་བཟུམ་སྦེ་ དར་དཀར་ནང་ འབྲུག་རྗེ་སྒང་-རྩེ་བཟང་གི་འཐུས་མི་ ཀརྨ་རྡོ་རྗེ་དང་ ལྷོ་མོ་རྫིང་ཁ-བཀྲིས་སྡིངས་ཀྱི་འཐུས་མི་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་ཚུ་གི་ཚབ་ལུ་ འདེམས་ངོ་གསརཔ་ངོ་སྤྲོད་འབད་ནུག།
དེ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ པདྨ་དགའ་ཚལ་མཁར་-གཡུ་རུང་གི་འཐུས་མི་ བཟང་ལེགས་འབྲུག་པ་དང་ བཀྲིས་སྒང་ར་ལྡི་-སག་སྟེང་གི་འཐུས་མི་ འཇིགས་མེད་དབང་ཕྱུག་ བར་མཚམས་-གཤོང་ཕུག་གི་འཐུས་མི་ དབང་འདུས་ནོར་བུ་ དེ་ལས་ ལྷུ་རྩེ་སྒང་ཟུར-སྨིན་རྒྱས་ཀྱི་འཐུས་མི་ ཀརྨ་རང་གྲོལ་ཚུ་གི་ཚབ་ལུ་ འདེམས་ངོ་གསརཔ་གསལ་བསྒྲགས་འབད་ནུག།
མི་སེར་དམངས་གཙོ་ཚོགས་པ་གིས་ ད་རུང་ འཐུས་མི་ལ་ལོ་ཅིག་གི་ ཚབ་བཙུགས་ནིའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *