བློན་ཆེན་གྱིས་ ཚོགས་ཐེངས་མཇུག་ནང་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ སྙན་ཞུ་ཕུལ་ཡོདཔ།

༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གཞུང་གི་འཆར་གཞི་༡༡ པའི་ གྲུབ་འབྲས་སྙན་ཞུ་མཇུག་ ཕུལཝ་དང་འབྲེལ་ གཞུང་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ ཡར་དྲག་བཏང་ཡོད་པའི་སྐོར་ལས་ སྙན་ཞུ་ཕུལ་ཡི།
དེ་དང་གཅིག་ཁར་ བློན་ཆེན་གྱིས་ འཛམ་གླིང་ནང་ དཔལ་འབྱོར་སྦོམ་ཤོས་གཉིས་པ་ཨིན་མི་ རྒྱ་ནག་དང་གཅིག་ཁར་ཡང་ མཐུན་ལམ་ལེགས་ཤོམ་བཞག་སྟེ་ཡོད་པའི་ཁར་ ས་མཚམས་སྐོར་ལས་ གསུང་གྲོས་ལན་ཐེངས་༢༤ གནང་པའི་ཤུལ་ལས་ རྒྱལ་ཁབ་གཉིས་ཆ་ར་གིས་ ས་མཚམས་དང་འབྲེལ་བའི་ དཀའ་ངལ་སེལ་ནི་ལུ་ མོས་མཐུན་བྱུང་སྟེ་ཡོད་ཟེར་ཞུ་ཡི།
ད་རུང་ རྒྱ་གར་དང་ རྒྱ་ནག་རྒྱལ་ཁབ་༢ ཀྱིས་མ་དོ་བར་ རྒྱལ་ཁབ་གཞན་ཚུ་དང་ཡང་ མཐུན་ལམ་ཚུ་ དམ་ཟབ་བཟོ་སྟེ་ཡོད་ཟེར་ཞུ་ཡི།
འཆར་གཞི་༡༡ པའི་ནང་ འཆར་དངུལ་མཐོ་ཤོས་ དངུལ་ཀྲམ་ཐེར་འབུམ་༢༢༥ བཞག་ཡོད་མི་དེ་ འཆར་གཞི་༡༠ པའི་ནང་ འཆར་དངུལ་ཐེར་འབུམ་༡༤༧ དང་ཕྱདཔ་ད་ བརྒྱ་ཆ་༥༢ ཀྱིས་ ཡར་སེང་ཨིནམ་བཞིན་དུ་ འཆར་དངུལ་དེ་ཡང་ གསར་སྒྲུབ་དོན་ལུ་ དངུལ་ཀྲམ་ཡོངས་བསྡོམས་ཐེར་འབུམ་༡༡༠ ལས་ ཐེར་འབུམ་༢༧ དེ་ ནང་འཁོད་འོང་འབབ་ལས་ བཏོན་བཏོནམ་ཨིན་ཟེར་ཞུ་ཡི།
གྲོགས་རམ་གྱི་ཐད་ཁར་ གཞུང་གིས་ འཆར་གཞི་༡༠ པ་དང་ཕྱདཔ་ད་ འཆར་གཞི་༡༡ པའི་ནང་ དངུལ་ཀྲམ་ཐེར་འབུམ་༧༠ ཐོབ་མི་དེ་ འདས་པའི་འཆར་ལོ་དང་ཕྱདཔ་ད་ ཐེར་འབུམ་༢༠ གི་རྩིས་ ཐེབས་ཨིནམ་ད་ གྲོགས་རམ་ཚུ་གི་གྲས་ལས་ རྒྱ་གར་གཞུང་རྐྱངམ་གཅིག་གིས་ དངུལ་ཀྲམ་ཐེར་འབུམ་༥༠ དེ་ཅིག་ གྲོགས་རམ་འབད་ཡོད་མི་ མང་ཤོས་ར་ ཐོབ་ཚར་ཡོདཔ་ཨིན་པས།
གཞན་གྲོགས་རམ་འབད་མི་ འཛམ་གླིང་དངུལ་ཁང་དང་ ཇ་པཱན་གཞུང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ དེ་ལས་ ཡུ་རོ་པིན་མཐུན་ཚོགས་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་ཚུ་ལུ་ བློན་ཆེན་གྱིས་ བཀྲིན་དགའ་ཚོར་ཞུ་ཡི།
འབྲུག་གི་མི་རློབས་ལས་ བརྒྱ་ཆ་༦༢ ཀྱིས་ གྲོང་གསེབ་ནང་ སྡོད་དོ་ཡོད་རུང་ མི་ཚེ་སྐྱོང་ནིའི་ གདོང་ལེན་ཡོདཔ་ལས་ གནས་སྤོ་སྟེ་ འགྱོ་མི་ལུ་བརྟེན་ གུང་སྟོང་ཐོན་པའི་ དཀའ་ངལ་སྦོམ་ཡོདཔ་ལས་ གཞུང་གིས་ གྲོང་གསེབ་གོང་འཕེལ་གཏང་ནིའི་ནང་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ཞུ་ཡི།
འབྲུག་མི་ཚུ་གི་དོན་ལུ་ གྲོང་གསེབ་ནང་ སྡོད་མི་ཚུ་གི་ མི་ཚེ་དེ་ ཁྲོམ་ཁར་སྡོད་མི་ཚུ་བཟུམ་སྦེ་མེད་རུང་ ལེགས་ཤོམ་སྦེ་ བཟོ་དགོ་ཟེར་ བློན་ཆེན་གྱིས་ ཞུ་བའི་ཁར་ གནས་སྤོ་འགྱོ་མིའི་ གནད་དོན་གཙོ་བོ་༡ སོ་ནམ་ཞིང་ལམ་མེད་མི་ལུ་བརྟེན་ཨིནམ་ལས་ གཞུང་གིས་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ཡང་ འཁོར་ལམ་བཏོན་བྱིན་ཏེ་ཡོད་ཟེར་ ཞུ་ཡོདཔ་ད་ འཆར་ལོ་དེ་ནང་ ཞིང་ལམ་ཀི་ལོ་མི་ཊར་༥,༤༠༠ དེ་ཅིག་ སེལ་མི་ལས་ ཀི་ལོ་མི་ཊར་༡༡,༢༠༠ ས་གནས་མཐའ་ཟུར་ཚུ་ནང་ཡོད་མི་ གཡུས་སྒོ་ཚུ་ མཐུད་སྦྲེལ་འབད་དེ་ཡོད་ཟེར་ཞུ་ཡི།
ནུས་ཤུགས།
འཆར་གཞི་༡༠ པའི་ནང་ གློག་མེའི་ཁྱབ་ཚད་དེ་ བརྒྱ་ཆ་༨༨ ཡོད་མི་ལས་ ད་རེས་ བརྒྱ་ཆ་༩༩.༩ ལུ་ ལྷོད་ཡོད་མི་དེ་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་ནང་ གྲུབ་འབྲས་དེ་བཟུམ་ ཐོན་མི་ཚུགས་ནི་ཨིནམ་ལས་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་ཟེར་ བློན་ཆེན་གྱིས་ཞུ་ཡི།
གྲོང་གསེབ་ནང་ སྡོད་མི་ཚུ་གིས་ འོང་འབབ་ཆུང་སུ་ཅིག་ལས་ བཟོ་ནི་མེདཔ་ལས་ ཁོང་གི་ མི་ཚེའི་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་ ཁྱིམ་གུང་༩༢,༠༠༠ ལུ་ གློག་མེ་ཡུ་ནིཊ་༡༠༠ རེ་ ཟླ་རིམ་བཞིན་དུ་ རིན་མེད་སྟོང་པར་ བྱིན་ཏེ་ཡོད་ཟེར་ཨིནམ་ད་ འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་༢༠༡༧ ཅན་མའི་ སྙན་ཞུ་དང་འཁྲིལཝ་ད་ ཁྱིམ་གུང་བརྒྱ་ཆ་༩༥.༢ ཀྱིས་ བཞེས་སྒོ་འབད་ནིའི་དོན་ལུ་ གློག་མེ་ལག་ལེན་འཐབ་དོ་ཡོདཔ་མ་ཚད་ འཆར་ལོ་དེ་ནང་ མི་སེར་ཚུ་གིས་ མེ་རླུང་རྒྱ་རྫི་ཚུ་ ལམ་ཐག་རིང་ས་ལས་ འབག་མ་དགོཔ་ བཟོ་ནིའི་དོན་ལུ་ རྒེད་འོག་ལས་ བཀྲམ་སྤེལ་འབད་ནིའི་ ལམ་ལུགས་ཚུ་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
ད་ཚུན་ རྒེད་འོག་༨༤ ལུ་ མེ་རླུང་རྒྱ་རྫི་བཀྲམ་སྤེལ་འབད་དེ་ཡོདཔ་ལས་ དེ་གིས་ ཐབ་ཤིང་ལག་ལེན་འཐབ་མི་ མར་ཕབ་འབད་ཚུགས་ཏེ་ཡོད་ཟེར་ བློན་ཆེན་གྱིས་ཞུ་ཡི།
བརྒྱུད་འཕྲིན།
ད་རེས་ གཡུས་ཚན་༥,༥༤༥ ནང་ འགྲུལ་འཕྲིན་གྱི་ མཐུན་རྐྱེན་ཚུ་ ལྷོད་དེ་ཡོདཔ་ད་ གཡུས་ཚན་༦༢ ནང་རྐྱངམ་གཅིག་ མཐུན་རྐྱེན་ཚུ་ ལྷོད་མ་ཚུགས་པར་ཡོད་རུང་ ཤུལ་མའི་ཟླཝ་ནང་ལས་ གཡུས་ཚན་༥༠ ནང་ མཐུན་རྐྱེན་ཚུ་ བྱིན་ནིའི་དོན་ལུ་ ལཱ་འགོ་བཙུགས་འོང་ཟེར་ཨིནམ་ད་ བརྒྱུད་འཕྲིན་གྱི་ ཞབས་ཏོག་ལུ་བརྟེན་ མི་ཚུ་གིས་ ཚོང་འབྲེལ་དང་ ལཱ་གཞན་འབད་ནིའི་ནང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཞུ་ཡི།
སོ་ནམ།
གྲོང་གསེབ་ནང་ སྡོད་མི་ཚུ་ལུ་ སོ་ནམ་དང་ སྒོ་ནོར་གྱིས་ མི་ཚེ་སྐྱོང་ནི་ལུ་ ཕན་སྦོམ་ཐོགས་དོ་ཡོདཔ་ལས་ འཆར་གཞི་༡༡ པའི་འཆར་དངུལ་ལས་ འཆར་དངུལ་འབོར་ཆེ་ཏོག་ཏོ་ བཞག་ཡོདཔ་བཞིན་དུ་ ལོ་ཐོག་དང་ཚོད་བསྲེ་ སྒོ་ནོར་ཐོན་སྐྱེད་ དེ་ལས་ ཚོང་འབྲེལ་གཞན་ཚུ་ནང་ གྲུབ་འབྲས་སྦོམ་ཐོན་ཏེ་ཡོད་ཟེར་ སྙན་ཞུ་ཕུལ་ཡི།
རེད་ཀྱི་ཐོན་སྐྱེད་དེ་ སྤྱི་ལོ་༢༠༡༣ ལུ་ མེ་ཊིག་ཊཱོན་༧༥,༠༠༠ ཡོད་མི་ལས་ སྤྱི་ལོ་༢༠༡༧ ལུ་ མེ་ཊིག་ཊཱོན་༨༥,༠༠༠ ལུ་ ཡར་སེང་འབད་དེ་ཡོདཔ་ད་ ཚོད་བསྲེ་འབད་བ་ཅིན་ མེ་ཊིག་ཊཱོན་༥༨,༨༢༠ ལས་ མེ་ཊིག་ཊཱོན་༧༢,༠༠༠ ལུ་ ཡར་སེང་འབད་ཚུགས་མི་དེ་ བརྒྱ་ཆ་༡༡༣ གྱི་རྩིས་ ཡར་འཕར་སོང་བའི་ རྟགས་ཨིན་པས།
གྲོང་གསེབ་སྐྱིན་འགྲུལ།
འཆར་གཞི་༡༠ པའི་ནང་ འབྲུག་གོང་འཕེལ་དངུལ་ཁང་གིས་ དངུལ་ཀྲམ་ཐེར་འབུམ་༢.༢ སྐྱིན་འགྲུལ་བྱིན་མི་ལས་ འཆར་གཞི་༡༡ པའི་ནང་ ཐེར་འབུམ་༧ ལྷགཔ་ཅིག་ བྱིན་ཡོད་མི་ལུ་བརྟེན་ སོ་ནམ་པ་ཚུ་གིས་ ཚོང་འབྲེལ་འཐབ་ཚུགས་མི་དེ་ཡང་ ཁྲོམ་ཁ་ལས་ཕར་ སོ་ནམ་ཐོན་སྐྱེད་ཚུ་ ཐོན་མི་ལས་ ཤེས་ཚུགས་ཟེར་ བློན་ཆེན་གྱིས་ ཞུ་ཡི།
གཞུང་གིས་ དངུལ་ཁང་གི་ ཞབས་ཏོག་ཚུ་ གྲོང་གསེབ་ནང་ལས་ཕར་ ལྷོད་ཚུགས་བཟོ་ཐབས་ལུ་ འཆར་ལོ་དེ་ནང་ རྒེད་འོག་གི་དངུལ་ཁང་༢༠༠ གཞི་བཙུགས་འབད་ཡོདཔ་ལས་ གྲོང་གསེབ་ལས་ དངུལ་ཀྲམ་ས་ཡ་༡༧༨ གསོག་འཇོག་ནང་ བཙུགས་མི་དེ་གིས་ གྲོང་གསེབ་ནང་ སྡོད་མི་ཚུ་ དངུལ་གསོག་འཇོག་འབད་ནི་ལུ་ གོམས་སྦྱང་ཚུད་ཡོད་པའི་ རྟགས་ཨིན་མས་ཟེར་ཞུ་ཡི།
དབང་ཚད་ཕྱིར་སྤེལ་གྱི་ཐད་ཁར་ རྒེད་འོག་ག་ར་ལུ་ རྒེད་འོག་གནང་བྱིན་མ་དངུལ་ས་ཡ་༢ རེ་བྱིན་མི་དེ་ཡང་ ས་གནས་གཞུང་གིས་ ཚུལ་མཐུན་སྦེ་ ལག་ལེན་འཐབ་ཡོད་མི་ལུ་ བློན་ཆེན་གྱིས་ དགའ་ཚོར་ཡོད་ལུགས་ཞུ་ཡི།
ང་བཅས་ཀྱིས་ ས་གནས་གཞུང་སྒྲིང་སྒྲི་བཟོ་ཐབས་ལུ་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་ཚུ་ འཕྲོ་མཐུད་དེ་ འབད་དགོཔ་ཡོད་ཟེར་ ཞུ་མི་དེ་ཡང་ དབང་ཚད་ཚུ་ མི་སེར་ཚུ་ལུ་བྱིན་ཏེ་ དབུལ་ཕོངས་ཀྱི་ གནས་སྟངས་དང་ ཉེན་ཁ་ཅན་ནང་ཡོད་མི་ མི་སྡེ་ཚུ་ཡང་ གཅིག་ཁར་བཙུགས་ཏེ་ ཡར་དྲག་བཟོ་ཐབས་ལུ་ཨིན་པས།
དཔལ་འབྱོར།
འཆར་གཞི་༡༡ པ་ འགོ་བཙུགས་པའི་སྐབས་ གཞུང་གིས་ གཙོ་རིམ་ཚུ་གི་གྲས་ལས་༡ དཔལ་འབྱོར་གྱི་གནས་སྟངས་ སྐྱོ་དྲགས་ནང་ཡོད་མི་དེ་ ལེགས་ཤོམ་བཟོ་ཐབས་ལུ་ཨིན་རུང་ དཔལ་འབྱོར་གྱི་ ནང་འཁོད་འོང་འབབ་དེ་ བརྒྱ་ཆ་༢.༡ ལུ་ མར་བབས་སོང་ཡོདཔ་ལས་ ཡར་དྲག་གཏང་ཐབས་ལུ་ འབྲེལ་བ་ཡོད་པའི་ སྒེར་གྱི་ལས་སྡེ་དང་ ཕྱིའི་གྲོགས་རམ་ཚུ་ ལེན་ཡོདཔ་བཞིན་དུ་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ སྐྱེད་ཚད་ཡང་ མར་ཕབ་ཐོག་ བརྒྱ་ཆ་༡༣.༤༡ ལས་ བརྒྱ་ཆ་༡༠.༦༠ ལུ་ མར་ཕབ་འབད་ཡོད་ཟེར་ཞུ་ཡི།
བློན་ཆེན་གྱིས་ དཔལ་འབྱོར་གྱི་གནས་སྟངས་ ཡར་དྲག་སོང་མི་ལུ་བརྟེན་ སྤྱི་ལོ་༢༠༡༢ ལུ་ བཟོ་གྲྭ་ཁང་ཆུང་བ་དང་ བར་མའི་ཆོག་ཐམ་འཆང་མི་༡༣,༠༦༨ ཡོད་མི་དེ་ ད་རེས་ ཆོག་ཐམ་འཆང་མི་༡༩,༠༠༠ ལུ་ ཡར་སེང་སོང་སྟེ་ཡོད་ཟེར་ ཞུ་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ ཕྱིའི་མ་རྩ་གཞི་བཙུགས་ཐོག་ལས་ ལས་འགུལ་ཁག་༣༠ ཆ་འཇོག་འབད་ཡོད་རུང་ འཆར་གཞི་༡༡ པའི་ནང་ དངུལ་ཀྲམ་ཐེར་འབུམ་༨.༣ གནས་པའི་ ལས་འགུལ་ཁག་༣༨ ཆ་འཇོག་འབད་ཡོད་མི་ལས་ ལས་འགུལ་༡༦ གི་ ཚོང་འབྲེལ་འགོ་བཙུགས་ཏེ་ཡོད་ཟེར་ཞུ་ཡི།
རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་བཏང་མི་ གཙོ་བོ་༡ གློག་མེ་ལས་འགུལ་ཨིནམ་ད་ ལས་འགུལ་ལ་ལོ་ མཇུག་མ་བསྡུ་བར་ཡོད་རུང་ རྒྱ་གཞུང་དང་གཅིག་ཁར་ གློག་ཤུགས་མེ་ག་ཝཱཊ་༢,༥༨༥ འབད་མི་ སུན་ཀོཤ་གློག་ལས་ལས་འགུལ་འགོ་བཙུགས་ནིའི་དོན་ལུ་ བློ་སླབ་པའི་བསྒང་ཡོད་ཟེར་ཨིན་པས།
ལཱ་གཡོག།
སྤྱི་ལོ་༢༠༡༣ ལུ་ ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༢.༩ ཡོད་མི་དེ་ ད་རེས་ བརྒྱ་ཆ་༢.༤ ལུ་ མར་ཕབ་འབད་དེ་ཡོད་རུང་
ན་གཞོན་ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ སྤྱི་ལོ་༢༠༡༣ ལུ་ བརྒྱ་ཆ་༩.༦ ཡོད་མི་དེ་ ད་རེས་ དུམ་གྲ་ཅིག་ཡར་སེང་སོང་སྟེ་ བརྒྱ་ཆ་༡༠.༦ ལུ་ ལྷོད་ཡོདཔ་ཨིན་པས།
གཞུང་གིས་ ཞི་གཡོག་དང་ལས་སྡེ་ དམག་སྡེ་ དེ་ལས་ སྒེར་སྡེ་ནང་ ལཱ་གཡོག་གི་སྟོངས་༧༤,༠༠༠ བཟོ་ཡོད་པའི་ཁར་ ལས་གཡོག་ལྷན་ཁག་གིས་ ཐད་ཁར་དུ་ ན་གཞོན་༣༢,༠༠༠ ལུ་ ལཱ་གཡོག་གི་ ཆ་རོགས་འབད་བྱིན་ཡོདཔ་ཨིན་པས།

ཤེས་རིག།
ལོ་ལྔའི་འཆར་གཞི་དང་པ་ འགོ་བཙུགས་པའི་སྐབས་དང་ཕྱདཔ་ད་ ད་རེས་ ཤེས་ཡོན་ཡོད་མི་ བརྒྱ་ཆ་༧༡.༤ ལུ་ ཡར་སེང་སོང་ཡོདཔ་ད་ ན་གཞོན་ཤེས་ཡོན་ཡོད་མི་ བརྒྱ་ཆ་༩༣ ལུ་ ལྷོད་ཡོད་རུང་ ཤེས་རིག་ནང་ བསྒྱུར་བ་བཟོ་ཐབས་ལུ་དམིགས་ཏེ་ གཞུང་གིས་ སློབ་གྲྭ་ལྟེ་བ་༦༣ གཞི་བཙུགས་འབད་དེ་ཡོདཔ་ལས་ དེ་གིས་ སློབ་དཔོན་དང་ སློབ་ཕྲུག་གཉིས་ཆ་རའི་ ལྕོགས་གྲུབ་ཚུ་ ཡར་དྲག་གཏང་ཚུགས་ཟེར་ བློན་ཆེན་གྱིས་ཞུ་ཡི།
གསོ་བ།
གསོ་བ་ནང་འབད་རུང་ སྤྱི་ལོ་༢༠༡༣ ལུ་ ཌོག་ཊར་༢༠༣ ལས་ སྤྱི་ལོ་༢༠༡༨ ལུ་༣༤༥ ལུ་ ཡར་སེང་འབད་ཡོདཔ་ད་ མགར་ས་དང་ ཧཱ་རྫོང་ཁག་ནང་རྐྱངམ་གཅིག་མ་གཏོགས་ རྫོང་ཁག་གཞན་ཚུ་ནང་ རྫོང་ཁག་སྨན་ཁང་ག་རའི་ནང་ ཌོག་ཊར་གསུམ་རེ་བཙུགས་ཏེ་ཡོད་ཟེར་ཞུ་ཡི།
གསོ་བ་ནང་ གཙོ་རིམ་འཕྲོ་མཐུད་བཟུང་ནི་དེ་གིས་ རྒྱལ་ཁབ་ནང་ མིའི་ཚེ་ཚད་དེ་ཡང་ སྤྱི་ལོ་༢༠༠༥ ལུ་ ལོ་ཚད་༦༦.༣ ཨིན་མི་ལས་ ད་རེས་ ལོ་ཚད་༧༠.༢ ལུ་ ཡར་སེང་སོང་སྟེ་ཡོད་ཟེར་ཞུ་ཡི།
ལམ་སྲོལ།
ལམ་སྲོལ་གྱི་ཐད་ཁར་ ལམ་སྲོལ་ཉམས་སྲུང་འབད་ཐབས་ལུ་ གཞུང་གིས་ ལྷ་ཁང་དང་ མཆོད་རྟེན་ལ་སོགས་པ་ཚུ་ ཉམས་གསོ་ཞུ་ཡོད་པའི་ཁར་ རྒྱལ་ཁབ་ནང་ གོང་འཕེལ་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ རང་བཞིན་གནས་སྟངས་ལུ་ ཐོ་མ་ཕོགཔ་སྦེ་ འབད་ནི་ལུ་ བརྩོན་ཏེ་ཡོད་ཟེར་ཞུ་ཡི།
བློན་ཆེན་གྱིས་ གྲོང་གསེབ་ནང་ སྡོད་མི་ཚུ་གི་དོན་ལུ་ རྒེད་འོག་གནས་ཚད་ནང་ཡང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ཚུ་ གཞི་བཙུགས་འབད་དགོཔ་ཡོད་པའི་སྐོར་ལས་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *