བློན་ཆེན་གྱིས་ གསར་སྤང་ལུ་ ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་སར་གཟིགས་ཞིབ་གནང་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༤ གི་ནུབ་མོར་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་གིས་ གསེར་གཞོང་རྒེད་འོག་ལྟེ་བའི་ལམ་ མི་ཊར་༢༠༠ ལྷགཔ་ཅིག་ འཕྱགས་བདའ་ཡོདཔ་ད་ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ ཕུན་ཚོགས་གླིང་ལུ་བྱོནམ་ད་ གནོད་སྐྱོན་རྐྱབ་སའི་ ས་ཁོངས་ནང་ གཟིགས་སྐོར་གནང་ནུག།
ཆུ་རུད་ཀྱིས་ འཕྱགས་བདའ་མི་ལམ་དེ་ གསེར་གཞོང་དང་ ཆུ་གཟེར་སྒང་ རྟ་རས་ཐང་ ཨུམ་གླིང་རྒེད་འོག་༤ དང་ མཐུད་སྦྲེལ་འབད་ཡོདཔ་ད་ ད་རེས་ནངས་པར་ རྒེད་འོག་ལྟེ་བའི་ལམ་དེ་ རྩི་ནག་གཏང་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ ག་ནི་བ་གལ་ཆེ་བའི་ གསེར་གཞོང་ལམ་དེ་ ཆུ་གཡུར་ཚུ་ ལེགས་ཤོས་སྦེ་ མ་སེལ་ནི་དེ་གིས་ མེདཔ་བཏང་ཡོདཔ་ལས་ ཚ་གྱང་ལང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ གསར་སྤང་རྫོང་བདག་གིས་ ཁག་འབགཔ་དང་ དེ་འཕྲོ་ལས་ འབྲེལ་བ་འཐབ་ཞིནམ་ལས་ ལམ་རྩི་ནག་མ་བཏང་པའི་ཧེ་མ་ འཁོར་ལམ་བདའ་སྟེ་ ཆུ་གཡུར་ཚུལ་ལྡན་སེལ་དགོཔ་སྦེ་ བློན་ཆེན་གྱིས་ བཀའ་གནང་ནུག།
འཁོར་ལམ་དེ་གི་ རྩི་སའི་ཟམ་ཆུང་ཅིག་ཡང་ བརྡིབས་ཡོད་རུང་ དེ་འཕྲོ་ལས་ ཉམས་བཅོས་འབད་ཡོདཔ་ཨིན་པས།
ལམ་དེ་ གནས་སྟངས་རང་འཇགས་སྦེ་ རྒྱུན་སྐྱོང་འབད་ནིའི་དོན་ལུ་ ལམ་སེལ་གྱི་ལཱ་ འགོ་བཙུགས་ཡོདཔ་ད་ ལམ་སེལ་ལས་ཁུངས་ཀྱིས་ དོང་རྐོ་འཕྲུལ་ཆས་༢ ས་ཁོངས་དེ་ནང་ བཏང་ཡོདཔ་བཞིན་དུ་ བཀོད་ཁྱབ་འཕྲུལ་རིག་འགོ་དཔོན་ བསོད་ནམས་ཨེན་དབང་འདུས་ཀྱིས་ སླབ་མིའི་ནང་ ལམ་དེ་ ཕྱི་རུ་ཁམས་ཅིག་ཁར་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགསཔ་ བཟོ་འོང་ཟེར་ཨིན་པས།
དེ་ལས་ དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགས་ཏེ་ བདུན་ཕྲག་ལང་ཡོད་རུང་ དེ་ཚེ་ནུབ་མོར་ ཆརཔ་ཤུགས་སྦེ་རྐྱབ་པའི་སྐབས་ ས་གནས་བཱོགསི་ཀ་ཊིང་ལུ་ སྣུམ་འཁོར་ཊཱག་ཅིག་ འདམ་རྫབ་ནང་ ཕྱེད་ཀ་ཅིག་ འབྱིང་སོཔ་ལས་ དུས་ཡུན་ཆུ་ཚོད་༥ ལྷགཔ་ཅིག་གི་རིང་ ལམ་བཀག་ཡོདཔ་ཨིན་པས།
ཊཱག་དེ་ ཁ་ཙ་ཉིན་མའི་ཆུ་ཚོད་༢ ལུ་ འཐེན་ཚུགས་ཅི་ཟེར་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *