༉ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ ཕུན་ཚོགས་གླིང་ལུ་སྦེ་ དགེ་ལེགས་ཕུག་དང་ བསམ་རྩེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚུ་ནང་ལས་ ཚོང་པའི་ངོ་ཚབ་ཚུ་ལུ་ རྒྱ་གར་ལུ་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་ འགོ་བཙུགས་མི་དེ་གིས་ ག་དེ་སྦེ་ ཁེ་ཕན་འབྱུང་ནི་ཨིན་ནའི་སྐོར་ལས་ གསལ་བཤད་འབད་ནུག།
དེ་བསྒང་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ ཁྲལ་དེ་གི་ ཁེ་ཕན་སྐོར་ལས་ གསལ་ཞུ་འབད་བའི་ཁར་ བློན་ཆེན་གྱིས་ འབྲུག་མི་ཚོང་འབྲེལ་འཐབ་མི་ཚུ་ལུ་ ཁེ་ཕན་སྦོམ་ཡོད་ཟེར་ གསུངས་ཡོདཔ་ཨིན་པས།
ཨིན་རུང་ བློན་ཆེན་གྱིས་ ཚོང་པའི་ངོ་ཚབ་ལུ་ ཚོང་འབྲེལ་འཐབ་ད་ ལུགས་མཐུན་ཐོག་ འབད་དགོ་ཟེར་ གསུངས་ཡོདཔ་ད་ ལུགས་མཐུན་གྱི་ ཚོང་འབྲེལ་ཟེར་མི་དེ་ ཚོང་འབྲེལ་འཐབ་མི་ཚུ་གིས་ བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ལས་ར་ ཉོ་ནི་དེ་ཨིན་པས།
དངུལ་རྩིས་འགོ་དཔོན་ཚུ་གིས་འབད་བ་ཅིན་ བཟོ་སྐྲུན་འབད་མི་ཚུ་དང་ ཐད་ཀར་དུ་ ཚོང་འབྲེལ་འཐབ་པ་ཅིན་ ཁྲལ་དེ་གིས་ གནོད་པ་མེདཔ་ལས་ རྒྱ་གར་གྱི་ ཁྲོམ་གཞན་ཚུ་དང་ཕྱདཔ་ད་ ཕུན་ཚོགས་གླིང་བཟུམ་མའི་ཁྲོམ་ནང་ ཅ་ཆས་ཀྱི་ གོང་ཚད་ཁེ་ཟེར་ཨིན་པས།
དེ་ཡང་ རྒྱ་གར་གྱི་ བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ལས་ ནང་འདྲེན་འབད་བ་ཅིན་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་ མི་ཕོག་ནི་དེ་གིས་ཨིནམ་ད་ ཁྲལ་གཞན་གྱི་རིགས་ཚུ་ བཟོ་སྐྲུན་འབད་ས་ལས་ཉོ་བའི་ གོང་ཚད་ལུ་ བཀལ་འོང་ཟེར་ཨིན་པས།
ནང་འདྲེན་འབད་མི་ཚུ་གིས་ རྒྱ་གར་གྱི་ བཟོ་སྐྲུན་འབད་ས་ཁོངས་ཚུ་ནང་ལས་མེན་པར་ ཕྱི་ཁ་ལས་ ཅ་ཆས་ནང་འདྲེན་འབད་བ་ཅིན་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ ཅ་ཆས་དེ་ལུ་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་གུ་ ད་རུང་ ཁྲལ་བཀལ་འོང་ཟེར་ ཞལ་འཛོམས་སྐབས་ གསལ་བཤད་འབད་ནུག།
བློན་ཆེན་གྱིས་ ཕུན་ཚོགས་གླིང་ལུ་ ཅ་ཆས་ཚུ་ གོང་ཚད་ཁེ་ཏོག་ཏོ་སྦེ་འཐོབ་རུང་ ནང་འདྲེན་འབད་མི་ཚུ་གིས་ ཕྱི་ཁར་ལོག་བཙོང་པ་ཅིན་ ཁྲིམས་འགལ་ཨིན་ཟེར་ གསུངས་པའི་ཁར་ ཁྲལ་དེ་གི་ ཁེ་ཕན་ཚུ་ ཚོང་མགྲོན་པ་དང་ སིལ་ཚོང་པ་ཚུ་ལུ་ འཐོབ་ཐབས་འབད་དགོ་ཟེར་ གསུངས་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཚོང་འབྲེལ་འཐབ་མི་ཚུ་གིས་ ཁོང་ར་རྐྱངམ་གཅིག་ལུ་ ཁེ་སང་བཟོ་ནིའི་ དམིགས་ཡུལ་བསྐྱེད་ནི་མེན་པར་ ཚོང་མགྲོན་པ་ཚུ་ལུ་ཡང་ ཁེ་སང་ཐོབ་ཚུགསཔ་ འབད་དགོ་ཟེར་བཤད་ནུག།
གཞུང་གིས་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ལུགས་མཐུན་གྱི་ ཚོང་འབྲེལ་འབད་དགོ་པའི་ གྲོས་འདེབས་འབད་ཡོད་རུང་ ཞལ་འཛོམས་སྐབས་ ཚོང་འབྲེལ་འཐབ་མི་ཚུ་གིས་ བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ལས་ ཉོ་ཚུགས་ག་ཟེར་བའི་ དོགས་པ་ཡོད་ལུགས་ཚུ་ཡང་ བཤད་མི་ཐོན་ནུག།
ཕུན་ཚོགས་གླིང་ ཆུ་དུང་ཚོང་འབྲེལ་པ་ དཀོན་མཆོག་ཚེ་བརྟན་གྱིས་ བཟོ་སྐྲུན་འབད་མི་ མང་ཤོས་ཀྱིས་ དངུལ་ཀྲམ་ས་ཡ་ལས་བཅད་པའི་ ཅ་ཆས་ཚུ་ ཉོ་བ་ཅིན་རྐྱངམ་གཅིག་ ཁྲལ་གྱི་ཁེ་ཕན་བྱིན་དོ་ཡོདཔ་ལས་ དེ་མིན་ བཟོ་སྐྲུན་འབད་མི་ཚུ་གིས་ བཀྲམ་སྤེལ་འབད་མི་ ཚོང་འབྲེལ་པ་ཚུ་ལས་ ཉོ་དགོཔ་སྦེ་ སླབ་ནི་འདུག་ཟེར་ ཞུ་ཡོདཔ་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ ཕུན་ཚོགས་གླིང་ལུ་ བཀྲམ་སྤེལ་འབད་མི་ འབྲུག་པའི་ཚོང་དཔོན་དེ་ཅིག་མེདཔ་ལས་ མང་ཤོས་ར་ རྒྱ་གར་སི་ལི་གུ་རི་དང་ ཇའི་སྒང་ལུ་ཡོདཔ་ལས་ ཁོང་ལས་ཉོ་བའི་སྐབས་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་དེ་ བཀལ་དགོ་པས་ཟེར་ཨིན་པས།
དེ་བཟུམ་མའི་ གནས་སྟངས་ནང་ བློན་ཆེན་གྱིས་ ཐབས་ལམ་གཞན་མེད་རུང་ འབྲུག་མི་ཚུ་གིས་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་གྱི་ ཁེ་ཕན་སྐོར་ལས་ དྲི་བ་འབད་དགོ་ཟེར་གསུངས་ནུག།
འབྲུག་མི་ནང་འདྲེན་པ་ཚུ་གིས་ གཞུང་ལུ་ འཕྲལ་འཕྲལ་སྐབས་ ཇའི་སྒང་ལུ་ དོ་ཚུ་བཞག་དགོཔ་ཐོནམ་ད་ སའི་ཁྲལ་ཕོག་མི་དེ་ བྱ་སྟབས་མ་བདེཝ་ཐོན་ཏེ་ཡོད་ཟེར་ ཞུ་ཡོདཔ་དང་ རེ་ཚེ་སྐབས་ ཇའི་སྒང་ལུ་ བདུན་ཕྲག་ལས་བཅད་དེ་ ལུས་ནི་ཡོད་ཟེར་ཞུ་ནུག།
དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ས་ཁོངས་ནང་ ལྟ་སྐོར་འབད་བའི་སྐབས་ དཀའ་ངལ་ཡོད་པའི་སྐོར་ལས་ ཤེས་རྟོགས་བྱུང་ཡོད་ཟེར་ འོང་འབབ་དང་ ཅ་དམ་མདོ་ཆེན་ ཡོན་ཏན་རྣམ་རྒྱལ་གྱིས་ བཤད་ནུག།
བརྟག་ཞིབ་སྙན་ཞུ་ཚུ་ གཞུང་ལུ་ཕུལ་ཏེ་ཡོདཔ་ལས་ རྒྱ་གར་གྱི་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་གྱི་ མཁས་མཆོག་ཚུ་ ས་མཚམས་ས་ཁོངས་ནང་ འབོ་ནིའི་འཆར་གཞི་ཡོད་ཟེར་ མདོ་ཆེན་གྱིས་ བཤད་པའི་ཁར་ ཡིག་ཚང་ནང་ཡོད་མི་ མཁས་མཆོག་ཚུ་གིས་ དཀའ་ངལ་ངོ་མ་ཚུ་ ཧ་མ་གོ་བར་འདུག་ཟེར་བཤད་ནུག།
ཅ་དངོས་དང་ ཞབས་ཏོག་གི་ཁྲལ་དེ་ འགོ་དང་པ་ ལག་ལེན་འཐབ་ནི་དེ་གིས་ དཀའ་ངལ་ཚུ་ འཐོན་འོང་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ཚོང་འབྲེལ་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ དུམ་གྲ་རེ་ ཐོན་སྲིདཔ་ལས་ འདི་སེལ་ཐབས་ལུ་ འབྲེལ་བ་ཡོད་པའི་ འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་དགོ་ཟེར་ གསུངས་ནུག།
བསྟན་སྲུང་ཕན་བདེ་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ འཕྲུལ་ཆས་ཚུ་ ནང་འདྲེན་འབད་བའི་སྐབས་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་བཏབ་དགོཔ་ཐོན་ཡི་ཟེར་ བཤད་ཡོད་རུང་ མ་དངུལ་དེ་ འབོར་ཆེ་ཏོག་ཏོ་མེདཔ་ལས་ ལོག་སྤྲོད་ནི་ཨིན་པས།
བློན་ཆེན་གྱིས་ ཅ་དངོས་དང་ ཞབས་ཏོག་གི་ ཁྲལ་བཏབ་མི་ཚུ་ རྒྱ་ཆ་དྲགས་སྦེ་ཡོད་རུང་ གཞུང་གིས་ ལོག་འཐོབ་ནིའི་ནང་ གྲོགས་རམ་འབད་འོང་ཟེར་ གསུངས་ཡོད་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།