བློན་ཆེན་གྱིས་བཏང་མི་ རྩོད་དོན་ཚུ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཙོ་རིམ་མི་བཟུང་ནི།

༉ ཐིམ་ཕུག་རྟ་བབ་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱི་ གཟིམ་ཅུང་གི་ མཐའ་སྐོར་ལུ་ ཉེན་སྲུང་གི་དོན་ལས་ གྱང་རྩིག་རྐྱབ་ཡོད་མི་དེ་ནང་ ངན་ལྷད་ཀྱི་ ཁ་ཉེས་ཡོད་མི་ཚུ་ལུ་ ཞིབ་དཔྱད་རྐྱབ་དགོ་པའི་སྐོར་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལས་ ཡི་གུ་ཐོབ་ཅི་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཤདཔ་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྩོད་དོན་དེ་གི་སྐོར་ལས་ ཉོགས་བཤད་འཛིན་སྐྱོང་ལམ་ལུགས་ཀྱིས་ ཞིབ་དཔྱད་རྐྱབ་ནིའི་ འོས་འབབ་ཡོད་མེད་ ཐག་བཏོག་འོང་ཟེར་ཨིནམ་ད་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལས་བཏང་མི་ ཡི་གུ་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ ལྷོད་ཡོདཔ་ཨིན་པས།
མ་གཞི་ འདི་བཟུམ་མའི་ རྩོད་དོན་ཚུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལས་ ངན་ལྷད་དང་འབྲེལ་བའི་ དོགས་པ་ཡོད་པ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ གཏང་ནི་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ འདི་དང་འཁྲིལ་ ཞིབ་དཔྱད་འབདཝ་ཨིན་རུང་ བློན་ཆེན་གྱི་ རྩོད་གཞིའི་ཐད་ལུ་ རྩིས་ཞིབ་དབང་འཛིན་གྱིས་ བཏང་བཏངམ་མེནམ་ལས་ ཞིབ་དཔྱད་རྐྱབ་མི་རྐྱབ་ ད་ལྟོ་ ཏན་ཏན་སྦེ་ སླབ་མི་ཤེས་པས།
ཞིབ་དཔྱད་རྐྱབ་ནི་སྦེ་ ཐག་བཏོག་རུང་ ལྷན་ཚོགས་ཀྱིས་ བསྣར་འགྱངས་ལུས་མི་ རྩོད་དོན་༧༩ དེ་ཅིག་ མཇུག་བསྡུ་དགོཔ་ཡོདཔ་ལས་ བློན་ཆེན་གྱི་ རྩོད་དོན་དེ་ སྤྱིར་བཏང་གི་ ཉོགས་བཤད་བཟུམ་སྦེ་ བརྩི་འཇོག་ཐོག་ བྱ་རིམ་དང་འཁྲིལ་ འབད་ནི་མ་གཏོགས་ གཙོ་རིམ་བཟུང་དགོཔ་མེད་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ཨིན་རུང་ འབྲུག་མི་ཡོངས་ཀྱིས་ ཁྲིམས་ཀྱི་རིང་ལུགས་ གོང་ལུ་བཀུར་ནི་དང་ ངན་ལྷད་དང་འབྲེལ་བའི་ ལག་ལེན་ག་ཅི་ར་ཨིན་རུང་ སྙན་ཞུ་འབད་ནི་དེ་ རྩ་ཁྲིམས་ཆེན་མོའི་ འགན་ཁུར་ཨིན་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལྷན་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ འབྲུག་གི་ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མ་གིས་ མི་ག་ལུ་ཡང་ ཉོགས་བཤད་བཀོད་ནི་ལས་ བཀག་འཛིན་འབད་ནི་མེདཔ་ལས་ མི་ག་གིས་ར་ཨིན་རུང་ ཉོགས་བཤད་བཀོད་ཆོག་ཟེར་ཨིནམ་ད་ ཉོགས་བཤད་ཚུ་ ལྷན་ཚོགས་ནང་ ལྷོད་ཞིནམ་ལས་ ཐོ་བཀོད་འབད་དེ་ ཉོགས་བཤད་འཛིན་སྐྱོང་ལམ་ལུགས་ནང་ བཙུགས་པའི་ཤུལ་ལུ་ ལམ་ལུགས་དེ་གིས་ ཞིབ་དཔྱད་རྐྱབ་ནི་གི་ འོས་འབབ་ཡོད་མེད་ བལྟ་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གྱིས་བཏང་མི་ ཡི་གུ་དེ་ནང་ ལྡོག་ཕྱོགས་ཚོགས་པ་གིས་ ངན་ལྷད་དང་འབྲེལ་བའི་ ཁ་ཉེས་ཚུ་ འཕྲོ་མཐུད་དེ་ར་ བཀལ་མི་ལུ་བརྟེན་ བློན་ཆེན་གྱིས་ ཁོ་རའི་གཟིམ་ཅུང་གི་ མཐའ་སྐོར་ལུ་ ཉེན་སྲུང་གི་ གྱང་རྩིག་རྐྱབ་མི་དེ་ནང་ ངན་ལྷད་ཡོད་མེད་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ ལྷན་ཚོགས་ལུ་ ཞུ་བ་འབདཝ་ཨིན་ཟེར་བཀོད་ནུག།
ལྡོག་ཕྱོགས་ཀྱིས་ སྤྱི་ཟླ་༣ པའི་ཚེས་༩ ལུ་ གནས་ཚུལ་གསར་བཏོན་འབད་མིའི་ནང་ གཞུང་གིས་ བློན་ཆེན་གྱི་ གཟིམ་ཅུང་གི་དོན་ལུ་ གཞུང་དངུལ་ས་ཡ་༣ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་མ་ཚད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ས་ཁོངས་དེ་ནང་ ལཱ་གཞན་ ལྷོད་ལམ་དང་ འཐུང་ཆུ་བཀྲམ་སྤེལ་ མདངས་གློག་དང་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་ཡོད་པའི་སྐོར་ལས་ དོགས་སེལ་འབད་དགོཔ་སྦེ་བཀོད་ནུག།
དེ་གི་ལན་ལུ་ འཕྲལ་ཁམས་ཅིག་ཁར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཁོ་རའི་སྡོད་ཁྱིམ་གྱི་ མཐའ་སྐོར་ལུ་ གྱང་རྩིག་རྐྱབ་མི་དང་ འཐུང་ཆུའི་གཞི་རྟེན་མཐུན་རྐྱེན་ཚུ་ བཙུགས་མི་དེ་ ཉེན་སྲུང་གི་དོན་ལས་ ཁྲིམས་སྲུང་འགག་སྡེ་གིས་ ཨུ་ཚུགས་རྐྱབ་མི་ལུ་བརྟེན་ཨིན་ཟེར་ བརྡ་བརྒྱུད་ལུ་གསུངས་ཡི།
ལྡོག་ཕྱོགས་ཚོགས་པ་གིས་ རྩིགཔ་གི་ཕྱོགས་༤ ནང་ གློག་མེ་ཤུགས་ཡོད་མི་ མདངས་གློག་དང་ སི་སི་ཊི་བི་པར་ཆས་ བཙུགས་ནུག་ཟེར་ ཁ་ཉེས་བཀལཝ་ཨིན་རུང་ མཐུན་རྐྱེན་གཉིས་ཆ་ར་ བཙུགས་བཙུགསཔ་མེད་ཟེར་ བློན་ཆེན་གྱིས་ གསུངསམ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ མཐོང་འཆར་རྐྱངམ་གཅིག་ བཀོད་མི་དེ་ཡང་ རྩིས་ཞིབ་སྙན་ཞུ་ངོ་མའི་ནང་མེན་པར་ ཟུར་ཐོག་ནང་ བཀོདཔ་ཅིག་ར་ཨིནམ་ལས་ ཏི་རུ་ལོག་བཙུགས་དགོཔ་དང་ དམངས་དངུལ་ལོག་སྤྱོད་འབད་འབདཝ་ ཡང་ཅིན་ ངན་ལྷད་འཐབ་ཡོདཔ་སྦེ་ ག་ནི་ཡང་ མ་བཀོད་པས་ཟེར་ཨིན་པས།
རྩིས་ཞིབ་སྙན་ཞུ་ནང་ ཉེན་སྲུང་དང་འབྲེལ་བའི་ ལཱ་ཚུ་གི་ ཟད་འགྲོ་བཏང་མི་ཚུ་ལུ་ ཉོགས་བཤད་ངོ་མ་བཀོད་དེ་མེདཔ་ལས་ལས་ཁུངས་ཀྱིས་ དངུལ་རྩིས་ལྷན་ཁག་དང་ གྲོས་བསྟུན་འབད་ཞིནམ་ལས་ བློན་ཆེན་གྱི་ གནས་ཡུན་ཚངམ་ད་ གཞི་རྟེན་ཁང་ཚུ་ལུ་ ཟད་འགྲོ་བཏང་མི་ཚུ་ ག་དེ་སྦེ་ འབད་བ་ཅིན་ དྲག་ནི་ཨིན་ན་ ཐབས་ལམ་བཏོན་དགོ་པའི་ ཟིན་ཐོ་རྐྱངམ་གཅིག་ བཀོད་ནུག་ཟེར་ བློན་ཆེན་གྱིས་ འདས་པའི་དྲི་ལན་སྐབས་ གསུངས་ཡི།
ཨིན་རུང་ མིག་དཔེ་ལེགས་ཤོམ་སྟོན་ནི་དང་ རྒྱལ་ཡོངས་ཀྱི་ མཐའ་དོན་ལུ་དམིགས་ཏེ་ ང་གིས་ རྩིས་ཞིབ་དབང་འཛིན་ལུ་ དྲི་བཀོད་ག་ནི་ཡང་ མ་འབད་བར་ ཁས་བླངས་ཐོག་ ཏི་རུ་ལོག་བཙུགས་ཅི་ཟེར་ བློན་ཆེན་གྱིས་ གསུངས་ཡི།
དེ་ལས་ གཞུང་ལམ་ལས་ ཁ་ཡར་བལྟ་སྟེ་ བློན་ཆེན་གྱི་ གཟིམ་ཅུང་ཚུན་ འཁོར་ལམ་སེལ་མི་དེ་ ཁྲོམ་སྡེའི་འཆར་དང་འཁྲིལ་ཨིནམ་མ་ཚད་ སྒེར་ས་སྤྱི་དོན་ལུ་ མཁོ་སྒྲུབ་འབད་བའི་གྲངས་སུ་ ཚུད་དེ་འདུག་ཟེར་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གྱིས་ ཡི་གུ་དེ་ནང་ བཀོད་ཡོདཔ་ད་ འཁོར་ལམ་དེ་གིས་ བློན་ཆེན་ཁོ་ར་རྐྱངམ་གཅིག་གི་དོན་ལུ་མེན་པར་ ཁྱིམ་ཚང་ག་ར་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་བཞིན་དུ་ ཁྱིམ་ཚང་ཚུ་བཟུམ་སྦེ བློན་ཆེན་གྱི་ ཁ་ཐུག་ལས་ཡང་ སྤྱི་དོན་ལུ་ སྒེར་ས་སྤྱོད་པའི་སྐབས་ ཁོ་རའི་ས་བརྒྱ་ཆ་༣༠ ལྷན་ཐབས་འབད་དེ་འདུག་ཟེར་ བཀོད་ནུག།
བློན་ཆེན་གྱིས་ གསུངས་ཡོད་མིའི་ནང་ སྒེར་ས་གཞུང་བཞེས་འབད་མིའི་ དམིགས་ཡུལ་དེ་ར་ ཁྲོམ་སྡེ་གིས་ འཆར་གཞི་བརྩམས་ཞིནམ་ལས་ གཞི་རྟེན་མཐུན་རྐྱེན་དང་ ཞབས་ཏོག་ དཔེར་ན་ འཁོར་ལམ་དང་ འཐུང་ཆུ་ གློག་མེ་ཚུ་ མཁོ་སྤྲོད་འབད་ཐབས་ལུ་ཨིན་རུང་ ང་བཅས་ཀྱིས་ ཁྲོམ་སྡེ་ལུ་ བཟོ་སྐྲུན་འབད་དགོ་པའི་སྐོར་ ག་ནི་ཡང་ སླབ་སླབ་མེད་ཟེར་ཨིན་པས།
བློན་ཆེན་གྱིས་ ཁོ་གི་སྐོར་ལས་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ ལྷན་ཚོགས་ལུ་ ཞུ་བ་འབད་མི་དེ་ ཐེངས་༢ པ་ཨིནམ་ད་ ཐེངས་དང་པའི་ནང་ སྤྱི་ལོ་༢༠༡༤ ལུ་ རྒྱལ་ཁབ་ནང་ གློག་ཤུགས་སྣུམ་འཁོར་འགོ་བཙུགསཔ་ད་ དེ་ནང་ ཁེ་ཕན་ལྟག་སྤྲོད་ཡོད་མེད་ བལྟ་དགོཔ་སྦེ་ ཞུ་བ་འབད་ཐོག་ལས་ ཞིབ་དཔྱད་རྐྱབ་བཅུག་ནུག།
ད་རུང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ཡང་ སྤྱི་ལོ་༢༠༠༣ དང་༢༠༠༥ གི་བར་ན་ བློན་པོ་བགྲེསཔ་ཚུ་གི་ གཟིམ་ཅུང་ཚུ་ནང་ ཉེན་སྲུང་གི་དོན་ལས་ གྱང་རྩིག་རྐྱབ་ཡོད་མི་ཚུ་ རྩིས་ཞིབ་འབད་དགོཔ་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལས་ ཡི་གུ་ཅིག་ ཐོབ་ཡོདཔ་ཨིན་པས།
དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ གནད་དོན་དེ་ལུ་ ད་ལྟོ་ བརྟག་ཞིབ་འབད་བའི་བསྒང་ཡོད་རུང་ རྩིས་ཞིབ་ཀྱི་ཐད་ལུ་ ངོས་ལེན་འབད་མི་འབད་ བལྟ་དགོཔ་ཡོད་ཟེར་ཨིནམ་ད་ དེ་ཡང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དེ་ ཕྱིའི་ལྟར་སྣང་ལུ་ སྲིད་དོན་གྱི་ ལག་ཆ་བཟུམ་ཅིག་སྦེ་ མཐོང་སྣང་འབྱུང་ནི་གི་ འོས་འབབ་ཡོདཔ་ལས་ འདི་བཟུམ་འབྱུང་མི་བཅུག་ཟེར་ འགོ་དཔོན་ཅིག་གིས་ བཤད་པའི་ཁར་ ད་རེས་ བློན་ཆེན་གྱིས་ ཞུ་བ་འབད་བ་ཅིན་ ཤུལ་མའི་ནང་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ཡང་ རྩིས་ཞིབ་འབད་དགོཔ་སྦེ་ སླབ་མི་འཐོན་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *