བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི།

བློན་ཆེན་གྱི་ གཞུང་འབྲེལ་གཟིགས་སྐོར་ མཐར་འཁྱོལ་ཅན་བྱུང་ཡོདཔ།

ཁ་ཙ་ ནིའུ་ལྡི་ལི་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱ་གར་གྱི་སྲིད་འཛིན་ རམ་ནཱཐ་ ཀོ་བིནཌ་མཆོག་དང་ མཇལ་ཕྲད་ཞུ་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ རྒྱ་གར་གྱི་ མཐུན་འབྲེལ་ཅན་གྱི་ མི་སེར་ཚུ་ལུ་ བཀྲིས་ལེགས་སྨོན་གནང་མིའི་ གསུང་འཕྲིན་དེ་ ཞུ་ཡོདཔ་ཨིན་པས།

དེ་མ་ཚད་ ན་ཧིང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་རྒྱལ་སྲས་རྣམ་གསུམ་ རྒྱ་གར་ལུ་ ཆིབས་སྐྱོད་གནངམ་ད་ རྒྱ་གཞུང་དང་ མི་སེར་ཚུ་གིས་ བསུ་བ་མ་བཏུབ་བཏུབ་སྦེ་ ཕུལ་མི་དེ་ལུ་ བློན་ཆེན་གྱིས་ འབྲུག་པའི་མི་སེར་གྱི་ཧོངས་ལས་ རྗེས་སུ་ཡིད་རངས་སྦོམ་དང་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཞུ་ནུག། དེ་བསྒང་ མི་དབང་རྒྱལ་སྲས་མཆོག་ རྒྱ་གར་ལུ་ འགོ་དང་པ་བྱོན་མི་ལུ་བརྟེན་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱི་ གཟིགས་སྐོར་དེ་ དམིགས་བསལ་ཅན་ཅིག་ཨིན་པས།

བློན་ཆེན་གྱིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་དང་གཅིག་ཁར་ གྲུབ་འབྲས་ཅན་གྱི་ གསུང་གྲོས་གནང་ཡོདཔ་ད་ བློན་ཆེན་མོ་དི་གིས་ ཧའི་ད་ར་བཱད་མགྲོན་སྐྱོང་ཁང་ནང་སྦེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ལུ་ གསོལཝ་དྲངས་ཡོདཔ་ཨིན་པས།

བློན་ཆེན་གཉིས་ཀྱི་བར་ན་ གསུང་གྲོས་གནངམ་ད་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱ་གཞུང་གི་ཁ་ཐུག་ལས་ སྤྱི་ལོ་༢༠༡༣ ལས་འགོ་བཙུགས་ སྤྱི་ལོ་༢༠༡༨ ཀྱི་ ལོ་ཕྱེད་ལུ་ མཇུག་བསྡུ་མི་ འབྲུག་གི་ལོ་ལྔའི་འཆར་གཞི་༡༡ པའི་ནང་ བརྩེ་བའི་གྲོགས་རམ་གནང་སྟེ་ མཐལ་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ཚུགས་མི་དེ་ལུ་ འབྲུག་གི་མི་སེར་དང་ གཞུང་གི་ཧོངས་ལས་ རྒྱ་གར་གཞུང་དང་ མི་སེར་ཚུ་ལུ་ ཧིང་དྭངས་མའི་ དཀྱིལ་ལས་ར་ བཀྲིན་དགའ་ཚོར་ཡོད་ཟེར་ གསུངས་ནུག།

ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ རྒྱ་གར་གྱི་ དབུ་ཁྲིད་ཚུ་གི་བར་ན་ མཛའ་བརྩེའི་སྒོ་ལས་ གསུང་གྲོས་གནངམ་ད་ རྒྱལ་ཁབ་གཉིས་ཀྱི་བར་ན་ དམིགས་བསལ་གྱི་ ཁྱད་ཆོས་དང་ ཕན་ཚུན་གཉིས་ལུ་ཕན་པའི་ གནད་དོན་ཚུ་ལུ་ གཞི་བཞག་སྟེ་ གནང་ཡོདཔ་ལས་ རྒྱལ་ཁབ་གཅིག་གིས་གཅིག་ལུ་ བློ་གཏད་དང་ མཉམ་འབྲེལ་ གོ་བརྡ་དམ་ཟབ་ག་དེ་སྦེ་ཡོདཔ་ཨིན་ན་ གསལ་སྟོན་བྱུང་ཡི་ཟེར་ཨིན་པས།

ནིའུ་ལྡི་ལི་ལུ་ ཉིན་གྲངས་གསུམ་གྱི་རིང་ གཟིགས་སྐོར་གནངམ་ད་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་ དངུལ་རྩིས་བློན་པོ་རེ་ལི་ བློན་པོ་ གློག་མེ་བློན་པོ་ དེ་ལས་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ཚུ་གིས་ བློན་ཆེན་དང་ མཇལ་ཕྲད་ཞུ་ཡོདཔ་ཨིན་པས།

རྒྱ་འབྲུག་གི་ བློན་ཆེན་གཉིས་ཆ་ར་གིས་ ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་བར་ན་ ཟུང་ཕྱོགས་མཐུན་ལམ་དེ་ དཔེ་སྟོན་གྱི་ མཐུན་འབྲེལ་ཅིག་སྦེ་ གནས་ཡོད་མི་ལུ་ ཐུགས་མཉེས་ཡོད་ལུགས་ གསུང་ཡོདཔ་ད་ དབུ་ཁྲིད་གཉིས་ཀྱིས་ ཕན་ཚུན་རྒྱལ་ཁབ་གཉིས་ལུ་ཕན་པའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ རྒྱ་འབྲུག་གི་མཐུན་ལམ་དམ་ཟབ་དང་ མཉམ་འབྲེལ་ལྷག་པར་དུ་ རྩ་བརྟན་བཟོ་ནི་ལུ་ ཁས་ལེན་ཡང་བསྐྱར་གནང་ཡོདཔ་ཨིན་པས།

ད་རུང་ རྒྱ་གཞུང་གིས་ འབྲུག་གི་མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་ནིའི་ ཁས་བླངས་ཡང་བསྐྱར་འབད་ཡོདཔ་མ་ཚད་ དུས་ཅིའི་ལོ་མཇུག་བསྡུ་ཁམས་ལས་ འགོ་བཙུགས་ནི་ཨིན་མི་ འབྲུག་གི་འཆར་གཞི་༡༢ པའི་དོན་ལུ་ རྒྱབ་སྐྱོར་ཧྲིལ་བུ་འབད་ནི་གི་ ཁས་ལེན་འབད་ནུག།

ཕྱོགས་གཉིས་ཆ་ར་གིས་ རྒྱ་འབྲུག་གི་བར་ན་ ཕན་ཚུན་ལུ་ཕན་པའི་ གློག་མེ་ལས་འགུལ་ལུ་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་དགོཔ་དེ་ གལ་ཆེཝ་སྦེ་ ངོས་འཛིན་གནང་ཡོདཔ་བཞིན་དུ་ ད་ལྟོ་ ལག་ལེན་འཐབ་པའི་བསྒང་ཡོད་མི་ གློག་མེ་ལས་འགུལ་ཚུ་གི་ གྲུབ་འབྲས་ལུ་བལྟ་སྟེ་ ངལ་རངས་ཡོད་ལུགས་ བཤད་ཡོདཔ་ད་ རྒྱ་འབྲུག་གི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ང་འབྲེལ་ རྒྱ་གཞུང་གིས་ མང་སྡེ་ཆུ་གློག་མེ་ལས་འགུལ་དེ་ འགོ་འབྱེད་མ་གནང་པའི་ཧེ་མར་ ལས་འགུལ་དེ་གི་ གློག་མེ་གོང་ཚད་ གཏན་འཁེལ་བཟོ་ནི་གི་ ཁས་ལེན་ཧྲིལ་བུ་ཡོད་ཟེར་ བཤད་ནུག།

དབུ་ཁྲིད་ཚུ་གིས་ རྒྱ་འབྲུག་གི་མཐུན་འབྲེལ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་དེ་ རྒྱལ་ཁབ་གཉིས་ཆ་རའི་ནང་ དོན་དང་ལྡནམ་སྦེ་ བརྩི་སྲུང་ཞུ་བའི་བསྒང་ཡོད་མི་ལུ་ ངལ་རངས་ཡོད་ལུགས་ བཤད་ཡོདཔ་མ་ཚད་ འདི་བཟུམ་མའི་ ལས་སྣ་ཚུ་ལུ་བརྟེན་ རྒྱལ་ཁབ་གཉིས་ཀྱི་ མི་སེར་དང་ གཞུང་གི་བར་ན་ མཛའ་བཤེས་མཐུན་འབྲེལ་དང་ མཉམ་འབྲེལ་དམ་ཟབ་སྦེ་ཡོད་མི་དེ་ སྔར་བ་ལྷགཔ་སྦེ་ སྒྲིང་སྒྲི་འགྱོ་ནི་གི་ བློ་སྟོབས་ཡོད་ཟེར་བཤད་ནུག།

བློན་ཆེན་ད་རེན་ད་ར་མོ་དི་གིས་ བློན་ཆེན་གྱི་ གོ་གནས་བཞེས་པའི་ཤུལ་ལས་ དང་པ་ར་ འབྲུག་ལུ་ གཟིགས་སྐོར་གནང་མིའི་སྐོར་ལས་ འབྲུག་པའི་མི་སེར་དང་ གཞུང་གིས་ སེམས་ཁར་ཕྲ་ལམ་ལམ་སྦེ་ དྲན་ཚོར་འབདཝ་བཞིན་དུ་ རྒྱལ་ཁབ་༢ ཀྱིས་ ལོ་ངོ་༥༠ འཁོར་བའི་ མཐུན་འབྲེལ་བརྩི་སྲུང་འབད་བའི་ ནམ་དུས་ལུ་ རྒྱ་གར་གྱི་ བློན་ཆེན་མཆོག་ དུས་ཅིའི་ལོ་མཇུག་བསྡུ་ཁམས་ལུ་ འབྲུག་རྒྱལ་ཁབ་ནང་ ཕེབས་བསུ་ཞུ་ནི་གི་ རེ་བ་བསྐྱེདཔ་ཨིན་པས།

བློན་ཆེན་མཆོག་དང་ ཕྱག་ཞུ་མི་ཚུ་ ད་རིས་ རྒྱལ་ཁབ་ནང་ ལོག་ཕེབས་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *