བློ་ལྡན་གཞི་ཚོགས་ཀྱི་ དང་ལེན་སྙན་ཞུ་ལུ་ ཡིད་ཆེས་འདྲོངས་མ་ཚུགསཔ།

༉ ཞི་བའི་མི་སྡེ་ལས་ཚོགས་ཅིག་གིས་ གོང་འཕེལ་འགོ་དཔོན་ཅིག་ བདག་སྐྱོང་དང་འབྲེལ་བའི་ བྱ་སྒོ་ལམ་ལུགས་དང་འཁྲིལ་ གདམ་འཐུ་མ་འབད་བའི་ ནོར་འཁྲུལ་བྱུང་མི་དེ་ལུ་ དང་ལེན་གྱི་སྙན་ཞུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཕུལ་ཡོད་མི་དེ་ ལྷན་ཚོགས་ཀྱིས་ ད་རིས་ བསྐྱར་ཞིབ་འབད་དེ་ ངོས་ལེན་ཡོད་མེད་ཀྱི་ ཐག་བཏོག་ནི་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བློ་ལྡན་གཞི་ཚུགས་ཀྱིས་ གདམ་འཐུ་ནང་ ནོར་འཁྲུལ་བྱུང་མི་དེ་ལུ་ དང་ལེན་འབད་ཡོད་པའི་ སྙན་ཞུ་ཡི་གུ་བཙུགས་མི་དེ་ ཡིད་ཆེས་འདྲོངས་མ་ཚུགསཔ་ལས་ མཐུན་འགྱུར་དང་ ཕྱོགས་ལྷུང་ཡོད་མེད་ ཤེས་རྟོགས་འབྱུང་ནིའི་དོན་ལུ་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོཔ་ འཐོན་ནི་བཟུམ་འདུག་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༢ ལུ་ བློ་ལྡན་གཞི་ཚོགས་ཀྱི་ བཀོད་ཁྱབ་མདེ་ཆེན་ལུ་ ཡི་གུ་བྲིས་མིའི་ནང་ ཕུན་ཚོགས་རྣམ་རྒྱལ་དེ་ གོང་འཕེལ་འགོ་དཔོན་སྦེ་ གདམ་འཐུ་འབད་མི་ལུ་ བསྐྱར་ཞིབ་འབད་དེ་ འོས་འབབ་དང་ལྡན་པའི་ བདག་སྐྱོང་གི་དང་ལེན་འབད་དེ་ དེ་གི་སྙན་ཞུ་ ལྷན་ཚོགས་ལུ་ ཟླ་ངོ་༡ གི་ནང་འཁོད་ལུ་ བཙུགས་དགོཔ་སྦེ་ བཀོད་ནུག།
བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དགོཔ་སྦེ་ སླབ་མི་དེ་ཡང་ གདམ་འཐུ་ནང་ ནོར་སྐྱོན་ཞུགས་ཡོདཔ་མ་ཚད་ དྭངས་གསལ་སྦེ་ གདམ་འཐུ་མ་འབདཝ་ལས་ གདམ་འཐུ་བཀའ་རྒྱ་དེ་ ཆ་མེད་གཏང་དགོཔ་ཨིན་ཟེར་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ལྷན་ཚོགས་ཀྱིས་ གདམ་འཐུ་བྱ་རིམ་ལུ་ བརྟག་ཞིབ་འབདཝ་ད་ ཕུན་ཚོགས་རྣམ་རྒྱལ་དེ་ གདམ་ཐོ་ནང་ མི་༡༠ ཚུད་མིའི་གྲངས་སུ་མེད་པའི་ མངོན་གསལ་བྱུང་ཡོདཔ་ད་ གདམ་འཐུ་དེ་ རྣམ་དག་དང་ དྭངས་གསལ་སྦེ་ མ་འབད་བའི་སྐོར་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༨ ལུ་ ཉོགས་བཀོད་ཡི་གུ་ཐོབ་པའི་ཤུལ་ལས་ ལྷན་ཚོགས་ཀྱིས་ སྔོན་འགྲོའི་བརྟག་ཞིབ་འབད་ཡོདཔ་ཨིན་པས།
ཉོགས་བཤད་ནང་ ཕུན་ཚོགས་རྣམ་རྒྱལ་དེ་ གདམ་ཐོ་ནང་མེད་རུང་ གདམ་འཐུ་ཚོགས་ཆུང་གིས་ གཞི་ག་ཅི་ལུ་བཞག་སྟེ་ ཁོ་ གདམ་འཐུ་འབད་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་གནང་ཟེར་ བཀོད་ཡོདཔ་ཨིན་པས།
གོ་གནས་ཀྱི་དོན་ལུ་ མི་༩༥ གིས་ ཞུ་ཡིག་བཙུགས་མིའི་གྲས་ལས་ སྤྱི་ཟླ་༡ པའི་ཚེས་༢༡ ལུ་ མི་༡༠ གདམ་ཐོ་ནང་བཀོད་དེ་ དེ་གི་ནངས་པར་ ཡིག་ཐོག་གི་ ཆོས་རྒྱུགས་རྐྱབ་བཅུག་ཡོདཔ་ད་ ངག་ཐོག་གི་ དྲི་བ་དྲིས་ལན་དེ་ སྤྱི་ཟླ་༡ པའི་ཚེས་༢༣ དང་༢༥ ལུ་ འབྲུག་དང་ ཕྱི་རྒྱལ་གྱི་ སྡེ་ཚན་༢ ཀྱིས་ འབད་བའི་ཤུལ་ལས་ སྤྱི་ཚེས་༢༦ ལུ་ གྲུབ་འབྲས་གསལ་བསྒྲགས་འབད་ཡོདཔ་ཨིན་པས།
བློ་ལྡན་གཞི་ཚོགས་ གཞི་བཙུགས་འབད་མི་དང་གཙོ་འཛིན་ ཌོག་ཊར་ཀརྨ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཞུ་ཡིག་ཚུ་ བསྡུ་སྒྲིག་དང་ མི་ངོ་ཚུ་ལུ་ བརྡ་དོན་སྤྲོད་མིའི་ནང་ བདག་སྐྱོང་དང་འབྲེལ་བའི་ ནོར་འཁྲུལ་བྱུང་མི་དེ་ལུ་ བློ་ལྡན་བཀོད་ཚོགས་ཀྱི་ཧོངས་ལས་ ངོས་ལེན་ཡོད་རུང་ ཀུན་སྤྱོད་རྣམ་གཞག་དང་འབྲེལ་བའི་ གནད་དོན་ཚབས་ཆེན་ ག་ནི་ཡང་མེདཔ་ལས་ གདམ་འཐུ་འབད་ཚར་མི་དེ་ ཆ་མེད་གཏང་ནི་གི་ འོས་འབབ་མ་མཐོང་ཟེར་ཨིན་པས།
བདག་སྐྱོང་དང་འབྲེལ་བའི་ འཐུས་ཤོར་བྱུང་མི་དེ་ལུ་ བཀོད་ཚོགས་ལུ་ སེམས་ཕམ་སྦོམ་བྱུངམ་ལས་ མ་འོངས་པ་ལུ་ འདི་བཟུམ་མའི་ ནོར་འཁྲུལ་དང་ འཐུས་ཤོར་ཚུ་ མི་འབྱུང་ནིའི་དོན་ལས་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ ཉེན་བརྡ་བྱིན་ཡོདཔ་མ་ཚད་ ཐབས་ལམ་ཚུ་ བཏོན་ཏེ་ཡོད་ཟེར་ ཁོ་གིས་ ཀུན་གསལ་ལུ་ བཤདཔ་ཨིན་པས།
ཌོག་ཊར་ཀརྨ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ བཀོད་ཁྱབ་མདོ་ཆེན་གྱིས་ གོམས་གཡོག་འབད་མི་ཅིག་ལུ་ ཞུ་ཡིག་ཚུ་ བསྡུ་སྒྲིག་འབད་བཅུག་མི་ལས་ ནོར་འཁྲུལ་བྱུང་ནུག་ཟེར་ཨིན་པས།
གདམ་འཐུ་ཚོགས་ཆུང་གིས་ སྤྱི་ཟླ་༡ པའི་ཚེས་༡༩ དང་༢༠ ལུ་ ཞུ་ཡིག་བཙུགས་མི་ཚུ་ སྔོན་འགྲོའི་གདམ་འཐུ་འབད་ནི་ འགོ་བཙུགས་པའི་སྐབས་ ཡིག་ཆ་མ་ཚང་མི་དག་པ་ཅིག་དང་ ཐོ་བཀོད་ནང་ མི་གསལ་རྟགས་མཐུན་མེདཔ་ མཐོང་གསལ་བྱུང་པའི་ཤུལ་ལུ་ བཀོད་ཁྱབ་མདོ་ཆེན་ལུ་ དེ་གི་ནངས་པར་ རེས་གཟའ་མིག་དམར་གྱི་དྲོ་པར་ ཞུ་ཡིག་ཚུ་ བདེན་དཔྱད་འབད་དགོཔ་སྦེ་ བཀོད་རྒྱ་བྱིན་ཡོདཔ་ཨིན་པས།
བཀོད་ཁྱབ་མདོ་ཆེན་གྱིས་ ཞུ་ཡིག་ཚུ་ བསྡུ་སྒྲིག་འབདཝ་ད་ ཞུ་ཡིག་༡ གདམ་ཐོ་ནང་ མ་བཀོད་པར་ ལུས་ཡོད་པའི་སྐོར་ ཚོགས་ཆུང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཚོགས་ཆུང་གིས་ཡང་ ཕུན་ཚོགས་རྣམ་རྒྱལ་གྱི་ ཞུ་ཡིག་དེ་ དུས་ཚོད་ནང་འཁོད་ལུ་ བཙུགས་ཡོདཔ་ལས་ བསྐྱར་ཞིབ་འབད་དེ་ གོ་སྐབས་འདྲ་མཉམ་བྱིན་ནི་སྦེ་ ཐག་བཅད་ནུག་ཟེར་ ཌོག་ཊར་ཀརྨ་ཕུན་ཚོགས་ཀྱིས་ བཤདཔ་ཨིན་པས།
འདི་འབདཝ་ལས་ ཞུ་ཡིག་འཛགས་ལུས་མི་ ཕུན་ཚོགས་རྣམ་རྒྱལ་དེ་ ཚུལ་མཐུན་དང་ རྣམ་དག་ཐོག་ལས་ གདམ་ཐོ་ནང་ བཀོད་ཡོདཔ་ལས་ ཚུལ་མིན་ག་ནི་ཡང་མེད་ཟེར་ བཀོད་ཁྱབ་མདོ་ཆེན་ ཚེ་རིང་དཔལ་སྒྲོན་གྱིས་ ལྷན་ཚོགས་ལུ་ཕུལ་མི་ དང་ལེན་སྙན་ཞུ་ནང་ བཀོད་ནུག།
ཀརྨ་ཕུན་ཚོགས་ཀྱིས་འབད་བ་ཅིན་ གདམ་འཐུ་དེ་ནང་ ཁེ་ཕན་ལྟག་སྤྲོད་ག་ནི་ཡང་མེད་མི་དེ་ཡང་ གདམ་ཐོ་བཀོད་མི་ ཚོགས་ཆུང་སོ་སོར་ཡོད་པའི་ཁར་ གསལ་བཤད་ཀྱི་དོན་ལུ་ བསྐྱར་ཞིབ་འབད་མི་ སྡེ་ཚན་སོ་སོ་ཅིག་དང་ གཟུགས་མཐོང་ཨིའི་ཀ་ཡེབ་ཐོག་ལས་ དྲི་བ་དྲིས་ལན་འབད་མི་ སྡེ་ཚན་གཞན་ཅིག་ཡོད་ཟེར་ཨིན་པས། བློ་ལྡན་གཞི་ཚོགས་དེ་ སྤྱི་ལོ་༢༠༠༠ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *