༉ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་གིས་ ངང་ལམ་སློབ་གྲྭ་ལྟེ་བའི་ འཛུལ་ཞུགས་ཚོགས་ཆུང་གི་ཧོངས་ལས་ སྤྱི་ལོ་༢༠༡༨ ཀྱི་ བློ་གསར་སློབ་རིམ་གྱི་ འཛུལ་ཞུགས་དེ་ ཚུལ་མཐུན་མ་འབད་བའི་ འོས་ལྡན་གྱི་ངོས་ལེན་འབད་དགོཔ་སྦེ་ ཤེས་རིག་ལྷན་ཁག་ལུ་ ཡི་གུ་བྲིས་ཡོདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ ཀུན་བཟང་དབང་འདུས་ཀྱིས་ བཤད་མིའི་ནང་ མི་མང་ཞབས་ཏོག་དང་ དཀའ་ངལ་སེལ་ཐབས་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ བརྡ་དོན་ཡོངས་འབྲེལ་དཀའ་སེལ་ཐོག་ལས་ བློན་ཆེན་ལུ་ ངན་ལྷད་དང་འབྲེལ་བའི་ ཉོགས་བཤད་ཡི་གུ་བཙུགས་མིའི་ གནད་དོན་ཚུ་ལུ་ ཞིབ་དཔྱད་རྐྱབ་ད་ བདེན་ཁུངས་ཡོད་པའི་ སྒྲུབ་བྱེད་མཐོན་ཡི་ཟེར་ཨིན་པས།
ཨ་ལོ་༡ གི་ སྐྱེས་ཚེས་དང་ བཟའ་ཚང་གི་རྒྱབ་ཁུངས་མ་གཏོགས་ སློབ་ཕྲུག་གཞན་༦ གི་ སྐྱེས་ཚེས་ཡར་སེང་སྟེ་ བཟོ་བཅོས་འབད་མི་ལུ་བརྟེན་ སྐྱེས་ཚེས་ལག་ཁྱེར་ངོ་མ་བཙུགས་མི་ཚུ་ལུ་ འཛུལ་ཞུགས་ཀྱི་ གོ་སྐབས་མ་ཐོབ་ ངེས་བདེན་ཨིན་པའི་ མངོན་གསལ་བྱུང་ཡི་ཟེར་ དྲུང་ཆེན་ཀུན་བཟང་དབང་འདུས་ཀྱིས་ བཤདཔ་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ འགོ་དཔོན་ཚུ་གིས་ ཁ་ཉེས་ཡོད་མི་ སློབ་ཕྲུག་ཚུ་གི་ སྐྱེས་ཚེས་ཚུ་ ཞི་བའི་མི་རྩིས་ཐོ་དེབ་ཞབས་ཏོག་སྡེ་ཚན་དང་ བདེན་དཔྱད་འབད་དེ་ལྟཝ་ད་ སྐྱེས་ཚེས་ཡར་སེང་ཐོག་ ལག་ཁྱེར་བཟོ་ཡོདཔ་ བདའ་ཟུན་ཡོདཔ་ཨིན་རུང་ ཨ་ལོ་༡ གི་སྐྱེས་ཚེས་དེ་ བདེན་དཔྱད་འབད་མ་ཚུགས་པས་ཟེར་ཨིན་པས།
ཨ་ལོའི་ཕམ་༣ དང་ དཔང་པོ་ཅིག་གིས་ སྤྱི་ཟླ་༣ པའི་ཚེས་༢༦ ལུ་ ཉོགས་བཤད་ཡི་གུ་ བཙུགས་པའི་ཤུལ་ལས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ལུ་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ བཀའ་གནང་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཞིབ་དཔྱད་རྐྱབ་སྟེ་ ཤེས་རིག་ལྷན་ཁག་ལུ་ ངོས་ལེན་འབད་བའི་ སྙན་ཞུ་ཕུལ་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ ད་ལྟོ་ སྙན་ཞུ་ལུ་ བསྒུག་སྟེ་ཡོད་ཟེར་ དྲུང་ཆེན་ཀུན་བཟང་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཕམ་ཚུ་གིས་ ཉོགས་བཤད་བཀོད་མིའི་ནང་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༡ ལུ་ བློ་གསར་སློབ་རིམ་གྱི་དོན་ལས་ སློབ་ཕྲུག་༩༢ འཛུལ་ཞུགས་འབད་བའི་སྐབས་ ཕམ་ལ་ལོ་ཅིག་གིས་ ཡིག་ཆ་ངོ་མ་བཙུགས་མ་ཚུགསཔ་ལས་ སློབ་ཕྲུག་དག་པ་ཅིག་གི་ འཛུལ་ཞུགས་དེ་ ཆ་མེད་བཏང་ཡི་ཟེར་ཨིན་པས།
འཛུལ་ཞུགས་ཀྱི་ འབྲི་ཤོག་བཙུགས་ནི་གི་ ཉིན་མཇུག་དེ་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༩ ལུ་ཨིན་རུང་ འཛུལ་ཞུགས་ཀྱི་ དྲི་བ་དྲིས་ལན་འབད་བའི་ཉིན་མར་ འཛུལ་ཞུགས་སྲིད་བྱུས་དང་ གསལ་བསྒྲགས་འབད་མི་དང་མ་འཁྲིལ་བར་ ཨ་ལོ་༡༣ ལུ་ འབྲི་ཤོག་ཚུ་ སྤྲོད་ཡོད་མི་ལུ་བརྟེན་ ཡིག་ཆ་སྐྱོན་ཞུགས་འབད་ནི་གི་ གོ་སྐབས་བྱིན་ཡི་ཟེར་ ཉོགས་བཤད་ཡི་གུ་ནང་བཀོད་ནུག།
ཨ་ལོའི་སྐྱེས་ཚེས་བཟོ་བཅོས་མ་འབད་མི་ ཕམ་ཚུ་གིས་ དོགས་པ་ཡོད་པའི་ ཨ་ལོ་༧ གྱི་ སྐྱེས་ཚེས་ཚུ་ དབྱེ་དཔྱད་འབདཝ་ད་ ཡིག་ཆ་སྐྱོན་ཞུགས་འབད་ཡོདཔ་ བདའ་ཟུན་ཡོད་རུང་ དེ་གི་སྐོར་ འཛུལ་ཞུགས་ཚོགས་ཆུང་ལུ་ ཉོགས་བཤད་བཀོདཔ་ད་ ངོས་ལེན་ཚུལ་ལྡན་ འབད་མ་བཏུབ་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་པར་ བློན་ཆེན་ལུ་ ཞུ་ཡིག་བཙུགས་ཅི་ཟེར་ ཕམ་ཅིག་གིས་ བཤདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ སློབ་གྲྭ་ལྟེ་བའི་ དབང་འཛིན་པ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་རུང་ མཐར་འཁྱོལ་མ་ཚུགསཔ་ཨིན་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།