བློ་གཏད་མ་ཚུགས་པའི་ དཀའ་ངལ།

༉ སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་མཇུག་མ་བསྡུ་ཚུན་ སྲིད་དོན་ཚོགས་པ་ཚུ་གིས་མ་ཚད་ སྤྱིར་བཏང་འབྲུག་མི་ཚུ་ ག་ར་འབད་རུང་ གཅིག་གིས་གཅིག་ལུ་ དོགས་པ་ཆགས་ནི་དང་ བློ་གཏད་མ་ཚུགསཔ་ལས་ མི་སྡེ་བརྡ་བརྒྱུད་ ལག་ལེན་འཐབ་ཨིན་མས།
སྲིད་ཚོགས་དང་ སྲིད་དོན་པ་ བརྡ་བརྒྱུད་ རིམ་མང་སྲིད་གཞུང་ ས་གནས་གཞུང་ དེ་ལས་ ཞི་བའི་མི་སྡེ་ལས་ཚོགས་ཚུ་གི་ཐད་ཁར་ སྲིད་འབྲེལ་གནད་དོན་ཚུ་ནང་ འབད་ཆོག་དང་མ་ཆོག་པའི་ ལམ་ལུགས་ལེ་ཤ་བཟོ་སྟེ་འདུག།
དེ་མ་ཚད་ བཙག་འཐུའི་རིང་ མི་སེར་དང་ ལས་ཚོགས་ཚུ་གིས་ ཐ་ན་ གཉེན་སྟོན་ལས་འགོ་བཟུང་སྟེ་ མི་མང་བསྡུ་འཛོམས་ཀྱི་ ལས་རིམ་ཚུ་ ག་ཅི་ཡང་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ ལས་རིམ་ཅིག་ནང་ བཅའ་མར་གཏོགས་པར་འོང་མི་ ལྟ་སྐོར་པ་ཅིག་ཡང་ བུམ་ཐང་ལུ་ ཤ་མུའི་དུས་སྟོན་ ཆ་མེད་བཏང་ཡོད་པའི་སྐོར་ལས་ གནས་ཚུལ་ལྷག་པའི་སྐབས་ དགོད་བྲ་སྟེ་ སྡོདཔ་ཨིན་མས།
སྲིད་དོན་པ་ཚུ་གིས་ འདས་པའི་ལོ་༥ འི་ཧེ་མར་ སྐུལ་བསྒྲགས་ཀྱི་དུས་ཚོད་ དྲོ་པའི་ཆུ་ཚོད་༧ ལས་ ཕྱི་རུའི་ཆུ་ཚོད་༨ ཚུན་འབད་མི་དེ་ ད་རེས་ དྲོ་པའི་ཆུ་ཚོད་༦ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ བསྒྱུར་བཅོས་འབད་མི་དེ་ལུ་ དྲི་ཞིབ་འབདཝ་ཨིན་མས།
འདེམས་ངོ་ཚུ་གིས་ ཁོང་རའི་ འདེམས་ཁོངས་ནང་རྐྱངམ་གཅིག་ སྐུལ་བསྒྲགས་འབད་ཆོགཔ་ཨིན་རུང་ སྲིད་ཚོགས་ཀྱི་ གཙོ་འཛིན་ཚུ་གི་ཐད་ཁར་ རྫོང་ཁག་གཞན་ཚུ་ནང་ཡང་ འགྱོ་ཆོག་པའི་གནང་བ་ཡོདཔ་ད་ མ་གཞི་ གནད་དོན་འདི་གི་ཐད་ཁར་ སྟབས་མ་བདེཝ་མེད་མི་དེ་ཡང་ མི་སྡེ་བརྡ་བརྒྱུད་ནང་ སྐུལ་བསྒྲགས་ཅོག་འཐདཔ་སྦེ་ར་ འབད་ནི་དེ་གིས་ཨིན།
ང་བཅས་རའི་ མི་སྡེ་ནང་ དཔེ་འབད་བ་ཅིན་ དྲག་ཤོས་དང་ ཌོག་ཊར་ཟེར་བའི་ མིང་གནས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་རེས་ སྐུལ་བསྒྲགས་སྐབས་ སྲིད་དོན་པ་ཚུ་གིས་ ཐ་ན་ མི་ཚེའི་རིང་ བཀབ་ནེ་དམརཔོ་ཐོབ་ཡོད་རུང་ མིང་གནས་ལག་ལེན་འཐབ་མ་ཆོགཔ་ཨིན་མས།
དེ་ལས་ ས་ཕྱོགས་གཡུས་ཕྱོགས་ཚུ་ནང་ ལོ་བསྟར་མི་སྡེའི་ལས་རིམ་ཚུ་ རྩ་ལས་ར་ འགོ་འདྲེན་འཐབ་མ་ཆོག་པའི་ བཀག་འཛིན་འབད་ཡོད་རུང་ སྲིད་དོན་ནང་ འབྲེལ་གཏོགས་འབད་མི་ཚུ་གིས་ བཟའ་ཁང་ཚུ་ནང་ སྐུལ་བསྒྲགས་ཀྱི་ཞལ་འཛོམས་ཚུ་ སྦ་གསང་མེད་པར་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ལྟ་རྟོག་འབད་དགོཔ་འདུག།
གཅིག་ལས་བལྟ་བ་ཅིན་ འབད་ཆོག་དང་མ་ཆོག་པའི་ ལམ་ལུགས་ལེ་ཤ་བཟོཝ་ད་ར་ སྲིད་ཚོགས་དང་ སྲིད་དོན་པ་ཚུ་གིས་ དེ་ལུ་གནས་མི་བཏུབ་དོ་ཡོདཔ་ལས་ མཐའན་མཇུག་ཁར་ གཅིག་གིས་གཅིག་ལུ་ ཉེས་འཛུགས་འབདཝ་ཨིན་མས།
གཞུང་གསརཔ་ བཙག་འཐུ་འབད་རན་རུང་ ང་བཅས་ར་ དོགས་སྣང་ཐོག་ལུ་ ལུས་དགོ་མི་དེ་ཡང་ སྲིད་ཚོགས་ཚུ་གི་གྲས་ལས་ ག་གིས་གཞུང་སྐྱོང་ནི་ཨིན་ན་ ད་ལྟོ་ སྔོན་བཤད་འབད་མ་ཚུགས་ནི་དེ་གིས་ཨིན།
བཀག་འཛིན་འབད་ཐངས་ལུ་ལྟཝ་ད་ འབྲུག་མི་ཚུ་ལུ་ བློ་གཏད་མ་ཚུགས་པའི་ བརྡ་མཚོན་ཅིག་ཨིནམ་ད་ མ་གཞི་ སྲིད་ཚོགས་དང་ སྲིད་དོན་པ་ཚུ་གིས་ ཤོབ་རྐྱབ་ཨིན་ཟེར་བའི་ སྤྱིར་བཏང་མནོ་ལུགས་ཡོད་རུང་ སྲིད་ཚོགས་ཚུ་གི་གྲས་ལས་ གཅིག་གིས་ ལོ་༥ འི་རིང་ གཞུང་སྐྱོང་ཚུགས་པའི་ བློ་གཏད་ཡོད།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *