༉ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལས་ བྲོས་ཟུར་འབད་མི་ སྐྱེས་ལོ་༤༥ ལང་མི་ དོགས་པ་ཅན་ཕོ་སྐྱེས་དེ་ ལོ་༤ གི་ཤུལ་ལས་ སྤྱི་ཟླ་༧ པའི་ཚེས་༥ ལུ་ ཁ་ས་གྲབ་ཆུ་ལས་ འཛིན་བཟུང་འབད་ནུག།
ཕོ་སྐྱེས་དེ་གིས་ སྤྱི་ལོ་༢༠༡༣ ཟླ་༡༢ པའི་ཚེས་༢ ལུ་ ཁྲིམས་འགལ་ཐོག་ལས་ བཀག་དམ་ཅན་གྱི་སྨྱོ་རྫས་ ཚོང་འབྲེལ་འཐབ་མི་ལུ་བརྟེན་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
སྤ་རོ་ལས་ཨིན་མི་ ཕོ་སྐྱེས་དེ་ སྤྱི་ལོ་༢༠༡༤ ཟླ་༡ པའི་ཚེས་༢༧ ལུ་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བར་ འཁྱིད་འགྱོ་བའི་སྐབས་ སྨན་ཁང་ནང་ལས་ བྲོས་ཟུར་འབད་ཡོདཔ་ད་ དེ་བསྒང་ དོགས་ཅན་ཕོ་སྐྱེས་དེ་ དོ་དམ་འོག་ལུ་ རྩོད་བཤེར་འབད་དོ་ཡོདཔ་ཨིན་པས།
མ་གཞི་ ཕོ་སྐྱེས་དེ་ དོ་དམ་འོག་ལས་ བྱོག་ཡར་སོང་རུང་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༤ གི་ཟླཝ་༧ པའི་ནང་ བཙོན་ཁྲིམས་ལོ་༩ བཀལ་བའི་ ཁྲུན་ཆོད་བཏོན་ནུག།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཙོན་ཁྲིམས་དེ་ཡང་ ཁོ་ར་ ལོག་འཛིན་བཟུང་འབད་བའི་ ཉིནམ་ལས་རྐྱངམ་གཅིག་ བརྩི་འཇོག་འབདཝ་ད་ སྤྱི་ཟླ་༧ པའི་ཚེས་༥ ལས་ འགོ་བཙུགས་འོང་ཟེར་ཨིན་པས།
འབྲུག་གི་ཉེས་འགལ་ཁྲིམས་དེབ་ཀྱི་དོན་ཚན་༡༧༢ ཅན་མ་དང་འཁྲིལཝ་ད་ ཁྲིམས་མཐུན་དོ་དམ་འོག་ལས་བྲོས་ཟུར་འབད་བ་དང་ གལ་སྲིད་རྩོད་ཟླ་ཞིག་ བཙོན་ཁང་ངམ་ བཅོས་ཁང་ ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ ཁྲིམས་མཐུན་གྱི་དོན་དམ་གཞན་ལས་ རྩོད་ཟླ་དེ་ ཁྲིམས་མཐུན་དོ་དམ་ལས་བྲོས་ཟུར་ འབད་བའི་གནོད་འགལ་གྱི་ ཉེས་སྐྱོན་ཡིན་པར་བརྩི་དགོ་ཟེར་ཨིན་པས།
ཉེས་ལས་དེ་ ཁྲིམས་དེབ་དེ་དང་འཁྲིལ་ཏེ་ ཁྲིམས་བཅོད་གྲུབ་པའི་ རྩོད་ཟླའི་བཙོན་ཁྲིམས་ ལོག་༣ འོག་རྒྱུ་དང་ དམའ་ཤོས་ལོ་༡ བཀོད་དེ་ཡོད་མི་ལུ་ ཉེས་ཕྲ་བརྩི་དགོཔ་མ་ཚད་ ཁྲིམས་གཞན་ནང་ཡང་ བཙོན་ཁྲིམས་དེ་བཞིན་བཀོད་མི་ལུ་ ཁྲིམས་བཅོད་གྲུབ་ཡོད་པ་ཅིན་ ཉེས་ཕྲ་སྦེ་བརྩི་དགོཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དོགས་ཅན་དེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་༢༠༡༥ ཅན་མ་དང་འཁྲིལ་ཏེ་ ཉེས་ཅན་འབད་འབདཝ་མེན་པར་ འབྲུག་གི་ཉེས་འགལ་ཁྲིམས་དེབ་ དོན་ཚན་༢༩༨ དང་༢༩༩ འཁྲིལ་ཏེ་འབད་ཡི་ཟེར་ཨིནམ་ད་ བཅའ་ཁྲིམས་དེ་ཡང་ སྤྱི་ལོ་༢༠༡༥ ཟླ་༧ པའི་ཚེས་༢༠ ལས་རྐྱངམ་གཅིག་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ནུག།
ཉེས་འགལ་ཁྲིམས་དེབ་ཀྱི་ དོན་ཚན་༤༩༨ ཅན་མ་དང་འཁྲིལཝ་ད་ གལ་སྲིད་ རྩོད་ཟླ་ཅིག་གིས་ ཁྲིམས་དང་མ་མཐུན་པར་ སྨྱོ་རྫས་དང་ སྨྱོ་བྱེད་གང་རུང་ ནང་འདྲེན་ནམ་ ཕྱིར་ཚོང་ཉོ་བཙོང་འཐབ་པ་ བསགས་ཏེ་བཞག་པ་ ཡང་ན་ སྐྱེལ་འདྲེན་འབད་བ་ཅིན་ རྩོད་ཟླ་དེ་ ཚད་འཛིན་གྱི་རྒྱུ་རྫས་ཁྲིམས་འགལ་ཐོག་ ཉོ་བཙོང་འཐབ་པའི་ གནོད་འགལ་གྱི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོ་ཟེར་ཨིན་པས།
དོན་ཚན་༤༩༩ པ་དང་འཁྲིལཝ་ད་ ཁྲིམས་འགལ་སྦེ་ ཉོ་བཙོང་འཐབ་པའི་ གནོད་འགེལ་དེ་ དབྱེ་རིམ་༢ པའི་ ཉེས་ཆེན་སྨིན་དགོ་ཟེར་ཨིན་པས།
དབྱེ་རིམ་༢ པའི་ཉེས་ཆེན་ལུ་བརྟེན་ ཁྲིམས་བཅོད་གྲུབ་པའི་ རྩོད་ཟླ་ཞིག་ལུ་ ཁྲིམས་ཚད་དུས་ཡུན་དམའ་ཤོས་ ལོ་༩ ལས་ མཐོ་ཤོས་ལོ་༡༥ འི་འོག་རྒྱུའི་ བཙོན་ཁྲིམས་ཕོག་ནི་ཨིན་པས།
ད་རེས་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ སྐྱེས་ལོ་༢༨ ལང་མི་བཙོན་པ་ཅིག་ ཐིམ་ཕུག་ཁྲིམས་འདུན་ལུ་ རྩོད་བཤེར་འབད་བར་ འཁྱིད་འགྱོ་བའི་སྐབས་ བྲོས་ཟུར་འབད་མི་དེ་ འཚོལ་ཞིབ་འབད་བའི་བསྒང་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།