ད་རིས་ལས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ གསང་བའི་ཚོགས་རྒྱན་བཙུགས་པར་འོངམ་ད་ གྲ་སྒྲིག་འབད་ནིའི་དོན་ལུ་ ཁ་ཙ་ ཀྲོང་གསར་ལུ་ བཙག་འཐུ་འགོ་དཔོན་ཚུ་གིས་ བཙག་འཐུའི་བེག་ནང་ མཁོ་ཆས་ཚུ་ ཚངམ་སྦེ་ཡོད་མེད་ བརྟག་ཞིབ་འབད་བའི་བསྒང་།

བྲག་སྟེང་-གླང་མཐིལ་འདེམས་ཁོངས་ནང་ སྒོ་བཤལ་སྐུལ་བསྒྲགས་མེདཔ།

སྤྱི་ཟླ་༩ པའི་ཚེས་༥ ལུ་ ཀྲོང་གསར་བྲག་སྟེང་-གླང་མཐིལ་འདེམས་ཁོངས་ཀྱི་ འདེམས་ངོ་༤ གིས་ ངོས་ལེན་འགོ་དཔོན་ལུ་ སྒོ་བཤལ་ཏེ་ སྐུལ་བསྒྲགས་མི་འབད་ནི་སྦེ་ ཡི་གུ་ཅིག་བཙུགས་ནུག།

འདེམས་ངོ་༤ གིས་ མིང་རྟགས་བཀོད་ཐོག་ལས་བཙུགས་མི་ ཡི་གུ་ནང་ སྲིད་དོན་ཚོགས་པ་༤ འི་ འདེམས་ངོ་ཚུ་གིས་ གྲོས་བསྟུན་འབད་ཐོག་ལས་ འདེམས་ངོ་དང་ ཚོགས་པའི་རྒྱབ་སྐྱོར་པ་ག་ཨིན་རུང་ འདེམས་ཁོངས་ནང་ སྒོ་བཤལ་ཏེ་ སྐུལ་བསྒྲགས་མི་འབད་ནི་སྦེ་ ཁན་འཆམ་བྱུང་ཡི་ཟེར་བཀོད་ནུག།

གལ་སྲིད་ འདེམས་ངོ་དང་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ སྒོ་བཤལ་ཏེ་ སྐུལ་བསྒྲགས་འབད་ས་ མཐོང་པ་ཅིན་ བཙག་འཐུའི་ བཅའ་ཁྲིམས་དང་བསྟུན་ ངོས་ལེན་འགོ་དཔོན་ཚུ་གིས་ དང་ལེན་འབད་དགོ་ཟེར་ བཀོད་ཡོདཔ་ད་ ཡི་གུ་དེ་ ངོས་ལེན་འགོ་དཔོན་གྱིས་ ངོས་ལེན་འབད་ནུག།

འགོ་དཔོན་ཚུ་གིས་འབད་བ་ཅིན་ གལ་སྲིད་ ཡི་གུ་དེ་ལུ་ ཆ་མ་བཞག་པར་ སྐུལ་བསྒྲགས་འབད་ས་མཐོང་པ་ཅིན་ འདེམས་ངོ་དེ་ ཡིག་ཚང་ནང་ འབོ་ཞིནམ་ལས་ ཉེན་བརྡ་འབད་འོང་ཟེར་ཨིན་པས།

བྲག་སྟེང-གླང་འཐིལ་འདེམས་ཁོངས་ཀྱི་ འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ ཀརྨ་དགེ་ལེགས་ཀྱིས་ སླབ་མིའི་ནང་ འདེམས་ངོ་ག་ར་ གཅིག་ཁར་སྡོད་ཞིནམ་ལས་ སྒོ་བཤལ་སྐུལ་བསྒྲགས་དེ་ འགོ་འདྲེན་མི་འཐབ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།

གལ་སྲིད་ སྒོ་བཤལ་ཏེ་ སྐུལ་བསྒྲགས་འབད་བ་ཅིན་ ནང་གསུག་དང་ ངན་ལྷད་ཀྱི་ དབང་ལུ་ཞུགས་ཏེ་ མི་སེར་ཚུ་གི་བར་ན་ སྟབས་མ་བདེཝ་འབྱུང་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ འདེམས་ངོ་རྐྱངམ་གཅིག་མེན་པར་ ཚོགས་པའི་རྒྱབ་སྐྱོར་པ་དང་ འཐུས་མི་ཚུ་གིས་འབད་རུང་ སྐུལ་བསྒྲགས་མི་འབད་ནི་སྦེ་ ཐག་བཏོག་ཅི་ཟེར་ ཀརྨ་དགེ་ལེགས་ཀྱིས་ བཤད་ཅི།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨོ་རྒྱན་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སྤྱིར་བཏང་འཛོམས་འདུ་ མཇུག་བསྡུ་བའི་ཤུལ་ལུ་ འདེམས་ངོ་ཚུ་གི་བར་ན་ གྲོས་བསྟུན་.འབད་དེ་ སྐུལ་བསྒྲགས་བཤོལ་བཞག་ནི་གི་ གན་རྒྱ་ཅིག་ བཟོ་མི་དེ་ཡང་ འདེམས་ངོ་རྐྱངམ་གཅིག་ སྒོ་བཤལ་ཏེ་ འགྱོ་བའི་སྐབས་ བལྟ་མི་ག་ཡང་མེདཔ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ནང་གསུག་བྱིན་ནིའི་ འོས་འབབ་འདུག་ཟེར་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ སྒོ་བཤལ་ཏེ་ སྐུལ་བསྒྲགས་འབད་བའི་སྐབས་ ཉོགས་འཛིན་བྱུང་དོ་ཡོདཔ་ལས་ ཀྲོང་གསར་ལུ་ བཙག་འཐུ་ནང་ ཉོགས་འཛིན་ག་ནི་ཡང་མེདཔ་སྦེ་ འབད་ནི་ལུ་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

རྣམ་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ མི་ག་ར་ སྲིད་དོན་ཚོགས་པ་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན གྲོས་ཐག་བཅད་དེ་ཡོདཔ་ལས་ སྒོ་བཤལ་ཏེ་ སྐུལ་བསྒྲགས་མ་འབད་རུང་ ཁྱད་པར་ག་ནི་ཡང་བཟོ་མི་ཚུགས་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ མགོནམ་རྡོ་རྗེ་གིས་འབད་བ་ཅིན་ སྐུལ་བསྒྲགས་དེ་ཡང་ དྲོ་པ་ཆུ་ཚོད་༦ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་འབདཝ་ད་ འདེམས་ངོ་ཚུ་གིས་ ངན་ལྷད་དང་འབྲེལ་བའི་ ལཱ་བྱ་འཐབ་ནིའི་ འོས་འབབ་སྦོམ་ཡོདམ་ཚད་ དུས་ཚོད་ཡང་ གངམ་མེདཔ་ལས་ ཁྱིམ་གུང་པ་ག་རའི་ནང་ ལྷོད་མི་ཚུགས་ནི་མས་ཟེར་མནོ་སྟེ་ གྲོས་ཐག་བཅད་ཅི་ཟེར་ཨིནམ་ད་ སྒོ་བཤལ་ཏེ་ སྐུལ་བསྒྲགས་འབད་བ་ཅིན་ ངན་ལྷད་ཀྱི་དབང་ལུ་ ཤོར་ནི་གི་ ཉེན་ཁ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ཨིན་རུང་ ནུབ་སྦི་-སྟངས་སིབ་སྦྱིས་འདེམས་ཁོངས་ཀྱི་ འདེམས་ངོ་ཚུ་གིས་ སྒོ་བཤལ་གྱི་ སྐུལ་བསྒྲགས་དེ་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༡༢ ལུ་ མཇུག་བསྡུ་ནི་ཨིན་པས།

རྫོང་ཁག་ནང་ སྤྱིར་སྙོམས་འཛོམས་འདུ་དེ་ཡང་ དཀའ་ངལ་ག་ནི་ཡང་མེད་པར་ སྤྱི་ཟླ་༩ པའི་ཚེས་༥ ལུ་ མཇུག་བསྡུ་ཡོདཔ་ད་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཀྱི་དོན་ལུ་ གྲ་སྒྲིག་སོང་སྟེ་ཡོདཔ་མ་ཚད་ འགོ་དཔོན་ཚུ་ཡང་ རང་སོའི་ལྷན་ཐབས་ས་ཁོངས་ནང་ བགོ་བཀྲམ་འབད་དེ་འདུག།

བྲག་སྟེང་-གླང་མཐིལ་དང་ ནུབ་སྦིས- སྟང་སི་སྦྱིས་བརྩིས་ཏེ་ འདེམས་ཁོངས་༢ ཡོད་མིའི་ནང་ རྒྱན་ཤོག་ལྷན་ཐབས་ས་ཁོངས་༣ ཡོད་པའི་ཁར་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ ཨམ་སྲུ་༥,༣༠༧ དང་ ཕོ་སྐྱེས་༤,༩༤༣ འབདཝ་ད་ མི་༡༠,༢༥༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *