བྱེམ་གྱི་ མཁོ་འདོད་བསྐྱེད་མི་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ།

༉ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་ བྱེམ་བཀྲམ་སྤེལ་དེ་ ཡར་སེང་འགྱོ་དོ་ཡོད་མི་ལུ་བལྟ་བ་ཅིན་ བཟོ་སྐྲུན་གྱི་ལཱ་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ད་ དེ་ཡང་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ བྱེམ་བཀྲམ་སྤེལ་དེ་ བརྒྱ་ཆ་ལེ་ཤ་གིས་ ཡར་སེང་སོང་ནུག།
རང་བཞིན་ཐོན་སྐྱེད་གོང་འཕེལ་ཚད་འཛིན་གྱི་ ཐོ་དང་འཁྲིལ་བ་ཅིན་ ད་ཚུན་ ལས་འཛིན་དང་གཅིག་ཁར་ བཟོ་སྐྲུན་ས་ཁོངས་༡,༣༠༠ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ ལས་སྡེ་༤༨༣ ཡར་སེང་སོང་ཡོདཔ་ལས་ བྱེམ་གྱི་ མཁོ་འདོད་བསྐྱེད་མི་ཡང་ ཡར་སེང་སོང་ནུག།
དུས་ཅི་ སྤྱི་ཟླ་༦ གི་ ནང་འཁོད་ནང་ལུ་ར་ དབང་འདུས་ཕོ་བྲང་ བྱེམ་བཀྲམ་སྤེལ་ས་ཁོངས་ནང་ལས་ བྱེམ་སྣུམ་འཁོར་ཊཱག་༢༢,༤༣༩ བཀྲམ་སྤེལ་འབད་མི་དེ་ ན་ཧིང་དང་ཕྱདཔ་ད་ ཟླཝ་༦ གི་ནང་འཁོད་ལུ་ར་ ཊཱག་༣,༧༥༥ ལུ་ཡར་སེང་སོང་ཡོདཔ་ཨིན་པས།
དབང་འདུས་ལུ་འབད་བ་ཅིན་ བྱེམ་དེ་ དབང་འདུས་ཟམ་གྱི་ སྦོ་ལོགས་ཁར་ལས་ བསྡུ་བསྒྱོམ་འབད་དེ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ བྱེམ་དེ་ མང་ཤོས་ཅིག་ ཐིམ་ཕུག་ལུ་ སྐྱེལ་འདྲེན་འབད་མི་དེ་ཡང་ མཁོ་འདོད་བསྐྱེད་མི་མང་ཤོས་ཅིག་ ཐིམ་ཕུག་ལུ་ཡོད་ནི་དེ་གིས་ ཨིན་པས།
བཀྲམ་སྤེལ་ས་ཁོངས་ཀྱི་ ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ ཉིན་བསྟར་བཞིན་དུ་ ས་ཁོངས་དེ་ནང་ལས་ བྱེམ་ཊཱག་༡༢༠ དང་༡༢༥ དེ་ཅིག་ སྐྱེལ་འདྲེན་འབད་དོ་ཟེར་ཨིནམ་ད་ དེའི་གྲས་ལས་ མང་ཤོས་ར་ ཐིམ་ཕུག་དང་ སྤ་རོ་ལུ་ སྐྱེལ་དོ་ཟེར་ཨིན་པས།
བྱེམ་གྱི་ཐོན་སྐྱེད་དེ་ ཆུ་ལུ་རག་ལས་དོ་ཡོདཔ་ད་ དེ་ཡང་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ གཙང་ཆུ་ཚུ་བྲེས་པ་ཅིན་ བྱེམ་གྱི་ཐོན་སྐྱེད་ཡང་ ལེགས་ཤོམ་འོང་དོ་ཡོདཔ་ད་ ད་ཧིང་ ཆརཔ་ལེགས་ཤོམ་རྐྱབ་ནི་དེ་གིས་ དུས་ཅི་ བྱེམ་གྱི་ཐོན་ཤུགས་དེ་ཡང་ ལེགས་ཤོམ་ཡོདཔ་ཨིན་པས།
བྱེམ་བཀྲམ་སྤེལ་འབད་སའི་ས་གོ་ཅིག་ སྤུ་ན་ཁ་ མཚོ་ཁ་ནང་ཨིནམ་ད་ ས་ཁོངས་དེ་ནང་ལས་ཡང་ ཉིན་བསྟར་བཞིན་དུ་ བྱེམ་ཊཱག་བརྒྱ་ལས་བཅད་དེ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ལས་འཛིན་གྱིས་འབད་བ་ཅིན་ ཤར་ལུང་ཕྱོགས་ཟེར་ དབང་འདུས་དང་ སྤུ་ན་ཁའི་ བྱེམ་བཀྲམ་སྤེལ་ས་ཁོངས་ནང་ བྱེམ་གྱི་གོང་ཚད་དེ་ ས་ཁོངས་ནང་ལས་བཏོན་ཏེ་བཙོང་མི་ ཀིའུ་བིག་མི་ཊར་རེ་ལུ་ དངུལ་ཀྲམ་༡༤༠.༨༦ དང་ གསོག་འཇོག་འབད་ས་ལས་ ཉོ་བ་ཅིན་ དངུལ་ཀྲམ་༢༡༩.༩༡ གནས་དོ་ཡོདཔ་ཨིན་པས།
དེ་ལས་ ཕུན་ཚོགས་གླིང་གི་ ས་ཁོངས་ལས་འབད་བ་ཅིན་ བྱེམ་བཏོན་ས་ལས་ ཀིའུ་བིག་མི་ཊར་རེ་ལུ་ དངུལ་ཀྲམ་༡༣༧.༥༤ དང་ གསོག་འཇོག་འབད་ས་ལས་ དངུལ་ཀྲམ་༣༣༧.༠༣ བུམ་ཐང་རྒྱ་དཀར་གྱི་ བྱེམ་བཏོན་སའི་ས་ཁོངས་ལས་ ཀིའུ་བིག་མི་ཊར་རེ་ལུ་ དངུལ་ཀྲམ་༡༧༨.༦༣ སྦེ་ཐོབ་མི་དེ་ གསོག་འཇོག་འབད་སར་ དངུལ་ཀྲམ་༢༦༡.༩༡ གནས་དོ་ཡོདཔ་ད་ དེ་ལས་ མོང་སྒར་ གཞོང་སྒར་ས་ཁོངས་ལས་འབད་བ་ཅིན་ བྱེམ་བཏོན་ས་ལས་ ཀིའུ་བིག་མི་ཊར་རེ་ལུ་ དངུལ་ཀྲམ་༢༥༧.༩༤ སྦེ་ཐོབ་དོ་ཡོདཔ་ཨིན་པས།
ལས་འཛིན་གྱིས་ བྱེམ་བཀྲམ་སྤེལ་ རྒྱ་བསྐྱེད་འབད་ནིའི་དོན་ལུ་ གནམ་བྱཱར་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ ཆུ་རུད་ཐོན་པའི་སྐབས་ བྱེམ་བསྡུ་ལེན་འབད་ཐངས་དང་ རྡོ་རིགས་ཚུ་ བརྡུངས་ཐོག་ལས་ བྱེམ་ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ད་ དེ་བཟུམ་གྱི་ ཐབས་ཤེས་དེ་གིས་ བྱེམ་བཀྲམ་སྤེལ་དཀོན་པའི་སྐབས་ ཕན་ཐོགས་འབྱུང་ནི་ཨིན་པས།
རྫོང་ཁག་༢༠ གི་གྲས་ལས་ བྱེམ་གྱི་ མཁོ་འདོད་བསྐྱེད་མི་ མཐོ་ཤོས་དེ་ར་ ཐིམ་ཕུག་ལུ་ཨིནམ་ད་ དེ་ཡང་ རྒྱལ་ས་ལུ་ གཞུང་དང་ ལས་འཛིན་ དེ་ལས་ སྒེར་གྱི་ལས་སྡེ་ཚུ་གིས་ ཡིག་ཚང་ལ་སོགས་པའི་དོན་ལུ་ བཟོ་སྐྲུན་ལཱ་འབད་ཡོདཔ་མ་ཚད་ སྒེར་པ་ཚུ་གིས་ ཁྱིམ་རྐྱབ་མི་དེ་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་སོང་ནི་དེ་གིས་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *