ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ པདྨ་ཆོས་སྐྱིད་དང་ ནོར་བུ་སློབ་གྲྭ་ཆེ་བའི་ རྟ་མགྲིན་དབང་ཕྱུག།

བྱང་སྟོར་ཤོར་མི་ དངུལ་རྐྱང་ལོག་སྤྲོད་མི་ སློབ་ཕྲུག་གཉིས་ལུ་ལེགས་བསྟོད།

༉ ཕུན་ཚོགས་གླིང་ལུ་ སློབ་གྲྭ་ཆེ་བ་༢ ཀྱི་ སློབ་རིམ་༡༢ པའི་ སློབ་ཕྲུག་གཉིས་ཀྱིས་ ཁྲོམ་ཁ་ལས་ དངུལ་ཀྲམ་༤༩,༠༠༠ ཐོབ་མི་དེ་ ལོག་སྤྲོད་མི་ལུ་ རང་སོའི་སློབ་གྲྭ་གིས་ ཀུན་སློང་བཟང་པོ་གསལ་སྟོན་འབད་བའི་ ངོས་འཛིན་འབད་ནུག།
ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ སྐྱེས་ལོ་༡༨ ལང་མི་ པདྨ་ཆོས་སྐྱིད་དང་ ནོར་བུ་སློབ་གྲྭ་ཆེ་བའི་ སྐྱེས་ལོ་༡༩ ལང་མི་ རྟ་མགྲིན་དབང་ཕྱུག་གིས་ སྤྱི་ཟླ་༥ པའི་ཚེས་༡༩ གི་ཕྱི་རུ་ དུས་ཐེབས་སློབ་སྟོན་མཇུག་བསྡུ་སྟེ་ ལོག་འོང་པའི་ལམ་ཁར་ སེན་ཊི་ནཱལ་ཟ་ཁང་གི་ ཉེ་འདབས་ལུ་ལྷོདཔ་ད་ ཏི་རུ་ཡོད་པའི་ ཆུ་ཤོག་ཅིག་ མཐོང་མི་དེ་ ཁྲིམས་སྲུང་འགག་སྡེ་ལུ་ བརྒྱུད་འཕྲིན་བཏང་སྟེ་ ཇོ་བདག་ལུ་ ལོག་སྤྲོད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་དབུ་འཛིན་ གཡང་སྐྱིད་སྒྲོལ་མ་གིས་ པདྨ་ཆོས་སྐྱིད་ལུ་ དྲོ་པ་སློབ་ཕྲུག་ཚུ་འཛོམས་པའི་ དུས་ཚོད་ནང་ ངལ་རངས་ཀྱི་ ལག་ཁྱེར་དང་ དགའ་ཚོར་སྦེ་ དངུལ་རྐྱང་ཡང་ བྱིན་ཡོདཔ་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ རེས་གཟའ་ཟླ་བ་ལུ་ མི་སྡེ་བརྡ་བརྒྱུད་ ཕེསི་བུཀ་ནང་ དར་ཁྱབ་སོང་ཡོད་པའི་སྐོར་ ཤེས་རྟོགས་བྱུང་སྟེ་ དེ་འཕྲོ་ལས་ སློབ་ཕྲུག་དེ་གིས་ ལཱ་ལེགས་ཤོམ་འབད་མི་ལུ་ དགའ་ཚོར་བསྐྱེད་ནིའི་དོན་ལས་ གྲ་སྒྲིག་འབད་ཡི་ཟེར་ཨིན་པས།
གཡང་སྐྱིད་སྒྲོལ་མ་གིས་ བཤད་མིའི་ནང་ འཆར་གཞི་དེ་གི་སྐོར་ལས་ སློབ་དཔོན་གཞན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ནིའི་ དུས་ཚོད་ཡང་མ་ལེན་པར་ ཁ་ཙ་དྲོ་པར་ སློབ་ཕྲུག་དེ་ལུ་ ཁ་དར་དང་གཅིག་ཁར་ ངལ་རངས་ཀྱི་ ལག་ཁྱེར་བྱིན་ཡི་ཟེར་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ མོ་གིས་ པདྨ་ཆོས་སྐྱིད་དང་གཅིག་ཁར་སྡོད་དེ་ བློའོ་སླབ་ནི་གི་ དུས་ཚོད་ཡང་ ཐོབ་མ་ཚུགས་པར་ཡོད་རུང་ མོ་རའི་ཆོས་རྒྱུགས་དེ་ ཚར་བའི་ཤུལ་ལས་ མོ་དང་གཅིག་ཁར་སྡོད་དེ་ བློའོ་སླབ་ནི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ པདྨ་ཆོས་སྐྱིད་བཟུམ་མའི་ སློབ་ཕྲུག་ཚུ་གིས་ དཔེ་བཞག་ཚུགས་པའི་ཁར་ རྒྱལ་ཁབ་ནང་ མ་འོངས་པའི་འགོ་ཁྲིད་འབད་ནིའི་མིག་དཔེ་ སློབ་ཕྲུག་གཞན་ཚུ་ལུ་ སྟོན་ཚུགས་པའི་ སློབ་ཕྲུག་ཅིག་ཨིན་ཟེར་ཨིན་པས།
པདྨ་ཆོས་སྐྱིད་ཀྱིས་ གནས་ཚུལ་བསྡུ་ལེན་པ་དང་གཅིག་ཁར་ཕྱདཔ་ད་ སླབ་མིའི་ནང་ ཁོང་གཉིས་ཀྱིས་ ཆུ་ཤོག་གང་ཡོད་པའི་ ཏི་རུ་མཐོངམ་ད་ ག་ཅི་འབད་ན་ མ་ཤེས་པར་ ཁྲིམས་སྲུང་འགག་སྡེ་ལུ་ འགྲུལ་འཕྲིན་གཏང་ནི་འབདཝ་ད་ བརྒྱུད་འཕྲིན་ཨང་འཛོལ་ཏེ་ གློ་བུར་ནདཔ་སྐྱེལ་མི་ཨང་༡༡༢ ལུ་ བཏང་ཡོདཔ་ལས་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ ཨང་ངོ་མ་དེ་ བྱིན་དེས་ཟེར་ཨིན་པས།
མོ་གིས་ མི་ཚེ་ནང་ སེམས་ཁ་ལས་ ནང་ཡང་བརྗེད་མ་ཚུགས་པར་ སྡོད་ནི་ཨིནམ་ལས་ ཏི་རུ་དེ་ ཁྱིམ་ནང་འབག་མ་ཚུགསཔ་འོང་ཟེར་ བཤད་པའི་ཁར་ ཏི་རུ་བྱང་མི་དེ་ལུ་ བཟོད་མ་ཚུགས་པའི་ དཀའ་ངལ་འབྱུང་ནི་དང་ ཏི་རུ་དེ་ཅིག་ མོ་གིས་ སྤྱོད་མི་ཚུགས་ཟེར་ བཤདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ ཏི་རུའི་ཇོ་བདག་ལུ་ ལོག་སྤྲོད་ཚུགས་ནི་དེ་གིས་ སེམས་དགའ་ཡོདཔ་མ་ཚད་ ཇོ་བདག་ཁོ་ར་ཡང་ སེམས་དགའ་དགའཝ་འོང་ཟེར་ཨིནམ་ད་ མོ་ར་ ཆུ་ཁ་རྫོང་ཁག་ བྱག་ཕྱོགས་རྒེད་འོག་ རྩི་མ་གཤམ་ལས་ཨིན་པའི་ཁར་ མོ་གི་ཨ་པ་དེ་ འབྲུག་གློག་མེ་ལས་འཛིན་ནང་ ལཱ་འབདཝ་མ་ཚད་ ཨའི་དེ་ ཁྱིམ་ནང་སྡོདཔ་ཨིན་པས།
ནོར་བུ་སློབ་གྲྭའི་ དབུ་འཛིན་གྱིས་ཡང་ རྟ་མགྲིན་དབང་ཕྱུག་ལུ་ དགའ་ཚོར་གྱི་ ཁ་དར་བྱིན་ཡོད་པའི་ཁར་ སློབ་གྲྭའི་ཇོ་བདག་གིས་ དགའ་ཚོར་སྦེ་ ཏི་རུ་དུམ་གྲ་ཅིག་ བྱིན་ཡོདཔ་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་གིས་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་ མཐོང་མི་དེ་ འགོ་དང་པ་ཨིན་པའི་ཁར་ དུས་ཐེབས་སློབ་སྟོན་མཇུག་བསྡུ་སྟེ་ ཆ་རོགས་གཞན་ཚུ་ ཁྱིམ་ནང་འགྱོ་བའི་སྐབས་ ཁོ་གིས་ དང་པ་ར་ དངུལ་ལོར་༥༠ འབད་མི་ཅིག་མཐོང་མི་དེ་ འཐུ་ནི་འབདཝ་ད་ ཆུ་ཤོག་གང་ ཏི་རུ་ཡོདཔ་མཐོང་སྟེ་ ཧ་ལས་ཅི་ཟེར་ཨིན་པས།
ཁོང་གཉིས་ཀྱིས་ ཏི་རུའི་ཇོ་བདག་དེ་ ལོག་འོང་སྟེ་ འཐུ་འབག་བཅུག་ནིའི་དོན་ལུ་ ས་ཁོངས་ནང་ དུས་ཡུན་སྐར་མ་༡༠ དེ་ཅིག་ བསྒུགས་སྡོད་ཡོད་རུང་ འོང་ནི་མེདཔ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ བརྒྱུད་འཕྲིན་བཏང་ཡི་ཟེར་ བཤདཔ་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་འབད་བ་ཅིན་ དེ་བཟུམ་མའི་ ཏི་རུ་མཐོངམ་ད་ འདྲོག་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ནང་ འགྱོ་བའི་སྐབས་ལུ་ཡང་ མི་གཞན་གྱིས་ འཕྱོག་མི་འབག་ག་མནོ་བའི་ འདྲོག་བྱེལ་འཐབ་དགོཔ་ བྱུང་ཡི་ཟེར་ཨིན་པས།
སློབ་གྲྭ་གིས་ ཁོ་གིས་འབད་མི་ལཱ་ལུ་ དགའ་ཚོར་བསྐྱེད་མི་ལུ་ གཅིག་ལས་འབདན་ ཁོ་ར་ ངོ་ཚ་དགོཔ་ བྱུང་ཡོད་རུང་ དེ་དང་གཅིག་ཁར་ དཔའ་ཉམས་བྱུང་ཡི་ཟེར་ བཤད་པའི་ཁར་ ཏི་རུ་དེ་ཚུ་ ཁྱིམ་ནང་འབག་པ་ཅིན་ ཁོ་རའི་ཨ་པ་གིས་ ངོས་ལེན་མ་འབདཝ་འོང་ཟེར་ཨིན་པས།
ཁོ་ར་ ལྷུན་རྩེ་རྫོང་ཁག་ མཁོ་མ་ལས་ཨིནམ་ད་ ཨ་པ་དེ་ ཤིང་བཟོ་བོ་ཨིན་པས།
ཏི་རུའི་ཇོ་བདག་ སྐྱེས་ལོ་༥༦ ལང་མི་ ཚེ་དབང་རིག་འཛིན་དེ་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་བགྲེསཔ་ཅིག་ཨིནམ་ད་ ཁོ་གིས་ ཏི་རུ་བྱང་པའི་སྐོར་ཤེསཔ་ད་ ཧམ་ཐལ་ཏེ་ ག་ཏེ་འཚོལ་རུང་ འཚོལ་མ་ཐོབ་ལས་ ལོག་འཐོབ་ནིའི་ རེ་བ་མ་བསྐྱེད་ཟེར་ བཤདཔ་ཨིན་པས།
ཏི་རུ་དེ་ ཁོ་རའི་ལས་སྡེ་གི་ཨིན་པའི་ཁར་ ཁོ་ལུ་ ཏི་རུའི་སྐོར་ལས་ བརྒྱུད་འཕྲིན་ལྷོདཔ་ད་ ལྷག་པར་དུ་ ཧམ་ཐལ་དགོཔ་བྱུང་ཡོད་རུང་ སློབ་ཕྲུག་གཉིས་ལུ་ དགའ་ཚོར་སྦོམ་ཡོད་ཟེར་ཨིནམ་ད་ ཁོ་གིས་ སློབ་ཕྲུག་གཉིས་ལུ་ ག་ཅི་ཡང་ འབད་མ་ཚུགས་ཟེར་ཨིན་རུང་ མ་འོངས་པ་ལུ་ ཆ་རོགས་འབད་ཚུགསཔ་ཡོད་པ་ཅིན་ འབད་ནི་ཟེར་ བཤདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཏི་རུ་དང་གཅིག་ཁར་ དངུལ་ཁང་གི་ ཏི་རུ་བཏོན་པའི་ ཤོག་གུ་ཡོདཔ་ལས་ ཇོ་བདག་དེ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ ཁ་བྱང་ཚུ་ག་ར་ སླབ་ནི་འདུག་ཟེར་ཨིནམ་ད་ སློབ་ཕྲུག་གཉིས་ཀྱིས་ ཆུ་ཤོག་དེ་ ཁ་ཕྱེ་སྟེ་ཡང་ མ་བལྟ་བས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *