༉ མི་ངན་ཚུ་གིས་ མཆོད་རྟེན་སློང་ནི་ལས་ བཀག་ཐབས་ལུ་ མཆོད་རྟེན་གྱི་མཐའ་འཁོར་ལུ་ འཕྲུལ་ཆས་ཚུ་བཙུགས་ནུག།
དེ་ཡང་ ཁ་ཙ་ མོང་སྒར་ཁྲོམ་གྱི་ ཕུཊ་བཱོལ་རྩེད་ཐང་འོག་ལུ་སྦེ་ བྱ་རུང་ཁ་ཤོར་མཆོད་རྟེན་ནང་ ཁྲིམས་སྲུང་འགག་སྡེ་གིས་ མོ་བཏབ་ཀྱི་དོན་ལུ་ ཚོར་འཕྲུལ་ཚུ་ བཙུགས་ཅི།
ཁྲིམས་སྲུང་འགག་པའི་སྡེ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༤ ལུ་ མི་༤༥ དེ་ཅིག་གིས་ མཆོད་རྟེན་༥༠ དེ་ཅིག་ སློངས་ཡོད་མི་དང་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ ཕོ་སྐྱེས་༡༣ གྱིས་ མཆོད་རྟེན་༩༠ ལྷགཔ་ཅིག་ སློངས་ཡོད་མི་ལུ་བརྟེན་ ད་ལས་ཕར་ དེ་བཟུམ་མིའི་ བྱ་ངན་ཚུ་ བཀག་འཛིན་འབད་ཐབས་ལུ་ ཚོར་འཕྲུལ་ཚུ་ གཞི་བཙུགས་འབད་དོ་ཟེར་ཨིན་པས།
མཆོད་རྟེན་ལེ་ཤ་ཅིག་ལུ་ ནང་གཟུངས་ཚུ་ ག་ནི་ཡང་མེད་རུང་ བྱ་ངན་འབད་མི་གིས་ སློངས་མི་ལུ་བརྟེན་ཆུང་ཨིན་པའི་ཁར་ མང་ཤོས་ཅིག་ ཚེ་བཙོན་དང་ ཉེས་ཁྲིམས་ཕོག་ཡོདཔ་མ་ཚད་ གཞུང་ལུ་ཡང་ གྱོང་རྒུད་སྦོམ་ཕོག་ཡོད་ཟེར་ཨིནམ་ད་ མོ་བཏབ་ཚོར་འཕྲུལ་ཚུ་ གཞི་བཙུགས་འབད་མི་དེ་ ལེགས་ཤོམ་འགྱོ་བ་ཅིན་ རྫོང་ཁག་གི་ མཆོད་རྟེན་ཡོད་ཚད་གཅིགཔོ་ནང་ ཚོར་འཕྲུལ་ཚུ་ གཞི་བཙུགས་འབད་ནི་ཨིན་ཟེར་ཨིན་པས།
ཚོར་འཕྲུལ་གཞི་བཙུགས་འབད་མིའི་ མཆོད་རྟེན་ནང་ གལ་སྲིད་ གནམ་ནུབ་མོ་དང་ ཉིན་མ་ཨིན་རུང་ མི་ངན་ཚུ་གིས་ མཆོད་རྟེན་གྱི་མཐའ་མར་སོང་སྟེ་ མཆོད་རྟེན་གུ་ ལགཔ་དཀྲོགསཔ་ཅིག་ ཚོར་འཕྲུལ་ནང་ལས་ རོ་ཁྱིའི་སྐད་དང་ རི་ཕག་ ཤཝ་ དེ་ལས་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་གྱི་སྐད་ཚུ་ དུས་ཡུན་སྐར་ཆ་༣༠ དེ་ཅིག་གི་རིང་ སྐད་རྐྱབ་སྡོད་ནི་ཨིན་པས།
དེ་བསྒང་ སྦོ་ལོགས་ཁར་ཡོད་པའི་ མི་ཚུ་གིས་ ཧ་གོ་ཞིནམ་ལས་ ཉེན་སྲུང་གི་དོན་ལུ་ ཞིབ་དཔྱད་འབད་བར་ འགྱོ་དགོཔ་ཨིན་ཟེར་ཨིན་པས།
མི་གི་སྐད་ལས་ལྷག་སྟེ་ གོ་ཚུགས་པའི་ ཚོར་འཕྲུལ་དེ་གི་ འཕྲུལ་ལྟོ་ཚུ་ ཉི་དྲོད་ལུ་བརྟེན་ ལཱ་འབད་བཏུབ་ནི་ཨིནམ་ལས་ ད་ལས་ཕར་ མོ་བཏབ་ལས་འཆར་དེ་ མཐར་འཁྱོལ་ཅན་སྦེ་ འགྱོ་བ་ཅིན་ རྒེད་འོག་རང་ར་སོ་སོ་གིས་ མཁོ་སྒྲུབ་འབད་བཅུག་སྟེ་ མཆོད་རྟེན་དང་ ལྷ་ཁང་ཚུ་ནང་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།