བྱ་ཐབས་རྡུགས་རུང་ བཀག་འཛིན་གྱི་འབད་བརྩོན་ འཕྲོ་རྒྱུན་དགོ་ནི།

༉ ཁྲིམས་སྲུང་འགག་སྡེ་གིས་ བཀག་དམ་ཅན་གྱི་ སྨྱོ་རྫས་རིགས་ ནག་ཚོང་འཐབ་མི་དང་ སྐྱེལ་སྤྱོད་འབད་མི་ཚུ་ ཉིནམ་རེ་འཆར་མེདཔ་ འཛིན་བཟུང་འབདཝ་ཨིན་རུང་ དམག་འཁྲུག་ནང་ལས་ རྒྱལ་ནི་མེན་པར་ ཕམ་དོ་ཡོད་པའི་ ཐབས་རྡུགས་ཀྱི་ བྱ་བ་ལུ་ལྷོད་ནུག།
ད་རེས་ནངས་པར་ སྨྱོ་རྫས་དང་འབྲེལ་བའི་ དཀའ་ངལ་དེ་ གདོང་ལེན་འབད་མ་ཚུགས་པའི་ གནས་རིམ་ཅིག་ནང་ ལྷོད་ཡོད་མི་དེ་ཡང་ སྨྱོ་རྫས་ནག་ཚོང་དང་ སྐྱེལ་སྤྱོད་འབད་མིའི་ནང་ ཞི་གཡོགཔ་ལས་འགོ་བཟུང་ སྒེར་གྱི་ལས་བྱེདཔ་དང་ ན་གཞོན་ལ་སོགས་པའི་ མི་སྡེ་ནང་ལས་ མི་རྒན་གཞོན་མེད་པར་ག་ར་ འབྲེལ་གཏོགས་ཡོད་མི་ལུ་བརྟེན་ཨིན་མས།
ད་ལྟོ་བཟུམ་མའི་ གནས་སྟངས་ནང་འབད་བ་ཅིན་ ང་བཅས་ལུ་ ཚ་གྱང་ལང་དགོཔ་ སྦོམ་ཤོས་དེ་ར་ མི་སྡེའི་ནང་ལས་ ང་བཅས་རའི་ ལྕོགས་གྲུབ་ཅན་དང་ མ་འོངས་འགོ་ཁྲིདཔ་གི་ འགན་ཁུར་འབག་ཚུགས་པའི་ ནུས་སྟོབས་ཡོད་མི་ ན་གཞོན་ཚུ་གི་ མི་ཚེ་མེདཔ་བཏངམ་ཨིན་མས།
མ་གཞི་ ཁྲིམས་སྲུང་འགག་སྡེ་དང་ འབྲེལ་ཡོད་དབང་འཛིན་གཞན་ཚུ་གིས་ སྤྱི་ལོ་༢༠༡༧ ལུ་ སྤྱི་ཚོགས་ཀྱིས་ འཕྲི་སྣོན་མཛད་དེ་ ཉེས་ཁྲིམས་དམ་དམ་བཟོ་མི་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་དང་འཁྲིལ་ བྱ་ངན་འཐབ་མི་ཚུ་ལུ་ གདོང་ལེན་སྒྲིང་སྒྲི་ འབད་དང་འབད་བཞིན་དུ་ཡོད་རུང་ ནད་འབུབ་ཤུགས་ཐལ་བའི་བསྒང་ལས་ སྨན་གྱིས་ཕན་ཐོགས་མ་ཚུགས་པར་ ནུས་པ་མེདཔ་ འགྱོ་དོ་བཟུམ་སྦེ་ ཉེས་ལས་འཐབ་མི་ཚུ་ ཁྲིམས་ལུ་འདྲོག་འཇིགས་དང་ འཚེར་སྣང་མེདཔ་ ཐལ་མི་ལུ་བརྟེན་ གདོང་ལེན་ཅན་ཅིག་ལུ་གྱུར་ཏེ་འདུག།
སྤྱི་ཟླ་༡༢ པའི་ཚེས་༣ ལུ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ རིན་ཆེན་སྡིངས་ཞིབ་དཔྱད་སྒོ་ར་ལས་ ཕོ་སྐྱེས་ཅིག་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་དང་སྦྲགས་ འཛིན་བཟུང་འབད་ཡོདཔ་ད་ དབང་འདུས་ཤར་ཀ་གཞི་ལས་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་དེ་གིས་ སྨྱོ་རྫས་ཚུ་ ཁོ་ར་འགྲུལ་སྐྱོད་འབད་མི་ སྣུམ་འཁོར་གྱི་ སྡོད་ཁྲི་འོག་ལུ་ སྦ་ཐོག་ལས་ འབག་འོངམ་ད་ བདའ་ཟུན་ནུག།
དེ་གི་ཧེ་མར་ སྤྱི་ཟླ་༡༡ པའི་ཚེས་༢༢ ལུ་ ཐིམ་ཕུག་དང་ དགེ་ལེགས་ཕུག་ལུ་ སྨྱོ་རྫས་སྐྱེལ་སྤྱོད་འབད་མི་ དེད་གཡོགཔ་༢ འཛིན་བཟུང་འབད་ཡོདཔ་ད་ མི་ཚུ་གིས་ སྨྱོ་རྫས་ཚུ་ཡང་ ནང་འདྲེན་དང་ ནང་འཁོད་ལས་ཐོན་མི་ ཀེ་ཧིང་ཧེ་ཤིསི་དང་ ཀེ་ཧང་གི་ འདབ་མ་སྐམ་དང་ འདབ་མ་རློནམ་ལག་ལེན་དང་ ནག་ཚོང་འཐབ་ཨིན་མས།
རྒྱལ་ཁབ་ནང་ སྨྱོ་རྫས་ཀྱི་ དཀའ་ངལ་ཚབས་ཆེན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ ས་མཚམས་སྒོ་ཡངས་དྲགས་ཡོད་མི་ལས་ སྨྱོ་རྫས་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགསཔ་མ་ཚད་ ཚོང་སྒྱུར་འཐབ་ད་ ཁེ་སང་སྦོམ་ཡོད་ནི་དེ་གིས་ མང་ཤོས་ར་ ཁྲིམས་འགལ་ཐོག་ལས་ ནང་འདྲེན་འབདཝ་ཨིན་མས།
ལ་ལོ་གིས་འབད་བ་ཅིན་ སྨྱོ་རྫས་ཚུ་ ས་མཚམས་ཕྱི་ཁ་ལས་ ནང་འདྲེན་འབདཝ་ཨིན་རུང་ ས་མཚམས་ཁར་ ལྟ་རྟོག་འབད་མི་ སྒྲིང་སྒྲི་བཙུགས་པ་ཅིན་ བཀག་འཛིན་འབད་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིནམ་ད་ མ་གཞི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སྨྱོ་རྫས་བཀག་ཐབས་ལུ་ ཐབས་ལམ་སྣ་ཚོགས་བཏོན་ཏེ་ཡོད་རུང་ དེ་ཚུ་ རྒྱུན་བརྟན་སྦེ་ ལག་ལེན་མ་འཐབ་པའི་ སྐྱོན་ལུ་བརྟེན་ སྨྱོ་རྫས་ནག་ཚོང་དང་ སྐྱེལ་སྤྱོད་འབད་མི་ ཡར་འཕར་འགྱོཝ་ཨིན་མས།
དུས་ཅི་ ཐིམ་ཕུག་རྐྱངམ་གཅིག་ནང་ར་ ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་དང་འབྲེལ་བའི་ ཉེས་ལས་འཐབ་མི་ དོགས་ཅན་༡༠༠ ལྷགཔ་ཅིག་ འཛིན་བཟུང་འབད་མི་ལས་ མང་ཤོས་ར་ འཆང་སྤྱོད་དང་ ནག་ཚོང་འཐབ་མི་ཚུ་ཨིན་མས།
སྨྱོ་རྫས་བཀག་འཛིན་འབད་ནིའི་ ཐབས་ལམ་ཅིག་ མི་མང་ལུ་ གོ་བརྡ་སྤྲོད་ནི་དེ་ཨིནམ་ད་ སྨྱོ་རྫས་ཚུ་ ཚུལ་མིན་གྱི་སྒོ་ལས་ ནང་འདྲེན་དང་ ནག་ཚོང་འཐབ་ནི་ དེ་ལས་ སྐྱེལ་སྤྱོད་བཀག་འཛིན་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལུ་ ལས་སྡེ་སྣ་ཚོགས་ཡོད་མི་ སྡེ་ཚན་ཅིག་ གཞི་བཙུགས་འབད་ཡོདཔ་ད་ མ་གཞི་ ལས་བྱེད་སྡེ་ཚན་གྱིས་ གྲུབ་འབྲས་བཏོན་དགོཔ་ཡོད་རུང་ ཐིམ་ཕུག་དང་ བསམ་གྲུབ་ལྗོངས་མཁར་ དགེ་ལེགས་ཕུག་ཚུ་ནང་ཡང་ ཁྲོམ་སྡེ་ཡིག་ཚང་དང་ ཁྲིམས་སྲུང་འགག་སྡེ་ ཅ་དམ་ ཕྱི་མི་ནང་སྐྱོད་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་ ཚོང་འབྲེལ་ཡིག་ཚང་ཚུ་ཡོད་མི་ ལྟ་རྟོག་སྡེ་ཚན་གཞི་བཙུགས་འབད་བ་ཅིན་ སྨྱོ་རྫས་དང་འབྲེལ་བའི་ གདོང་ལེན་ཚུ་ མར་ཕབ་འབད་ཚུགས་ནི་བཟུམ་མཐོངམ་མས།
དེ་བཟུམ་སྦེ་ འབྲུག་མི་ཡོངས་ཀྱིས་ ལས་བྱེད་སྡེ་ཚན་ཚུ་ལུ་ སྨྱོ་རྫས་བཀག་འཛིན་གྱི་ བརྩོན་ཤུགས་ལུ་ རྒྱབ་སྐྱོར་དང་ མཉམ་འབྲེལ་གང་དྲག་འབད་དགོ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *