ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་འོགམ་ དམག་སྲིད་རྡོ་རྗེ་དབང་ཕྱུག་གིས་ མི་མང་དང་ འབྲེལ་བ་འཐབ་པའི་བསྒང་།

བྱ་ངན་ཚུ་ལུ་ གདོང་ལེན་འབད་ནིའི་དོན་ལས་ མི་མང་ལས་རྒྱབ་སྐྱོར་དགོཔ།

༉ འདས་པའི་བདུན་མཐའ་ནང་ ཕུན་ཚོགས་གླིང་ཁྲོམ་ཁར་ སྡོད་མི་ཚུ་དང་ ཁྲིམས་སྲུང་འགག་སྡེའི་བར་ན་ མི་སྡེ་དང་འབྲེལ་བའི་ དཀའ་ངལ་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་བའི་སྐབས་ སྨྱོ་རྫས་དེ་ དཀའ་ངལ་ངོ་མ་ཅིག་སྦེ་ ངོས་འཛིན་འབད་ནུག།
དེ་བསྒང་ གླ་འཁོར་བཏང་མི་ ཚེ་དབང་རྡོ་རྗེ་གིས་ འགག་སྡེའི་གཙོ་འཛིན་འོགམ་ དམག་སྲིད་རྡོ་རྗེ་དབང་ཕྱུག་ལུ་ བཤད་མིའི་ནང་ ཕུན་ཚོགས་གླིང་ལུ་ ས་མཚམས་བརྒྱུད་དེ་ འབག་འོང་མི་ སྨྱོ་རྫས་ཀྱི་ དཀའ་ངལ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ འདི་བཀག་ནིའི་དོན་ལུ་ ཐབས་ཤེས་ལེགས་ཤོམ་ བཏོན་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚུལ་མིན་གྱི་གྲངས་སུ་ གླ་འཁོར་བཏང་མི་ཚུ་ཡང་ ཚུད་ནི་གི་ ཉེན་ཁ་ཡོད་མི་དེ་ཡང་ སྨྱོ་རྫས་འབག་མི་ཚུ་གིས་ དེད་གཡོགཔ་ཚུ་ མ་ཤེསཔ་སྦེ་ གསང་བའི་ཐོག་ལས་ སྨྱོ་རྫས་འབག་འོང་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁྲོམ་ཁར་ཉེས་འགེལ་དང་ ཚུལ་མིན་གྱི་ལཱ་ མར་ཕབ་འབད་ནིའི་ནང་ མི་མང་གིས་ རྒྱབ་སྐྱོར་འབད་དགོ་ཟེར་ཨིནམ་ད་ དེ་ཡང་ བྱ་ངན་ཚུ་གི་སྐོར་ལས་ མི་ཚུ་གིས་ ཤེས་པ་ཅིན་ དུས་ཚོད་ཁར་ འགག་སྡེ་ལུ་ སྙན་ཞུ་འབད་གནང་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ འགག་སྡེ་གིས་ ཞིབ་དཔྱད་སྒོ་ར་ཚུ་ནང་ སྨྱོ་རྫས་བརྟག་ཞིབ་འབད་མི་ འཕྲུལ་ཆས་གཞི་བཙུགས་འབད་བ་ཅིན་ བྱ་ངན་མར་ཕབ་འབད་ཚུགས་ནི་ཨིནམ་མ་ཚད་ དེ་གི་སྐོར་ལས་ གསང་བའི་སྙན་ཞུ་འབད་མི་ ག་ཨིན་རུང་ འགག་སྡེའི་ཡིག་ཚང་ནང་ མ་འབོ་བར་ གསང་བཞག་པ་ཅིན་ མང་ཤོས་ཅིག་གིས་ འགག་སྡེ་ལུ་ རྒྱབ་སྐྱོར་འབད་ནིའི་ སྤྲོ་བ་བསྐྱེད་འོང་ཟེར་ཨིན་པས།
དེ་འབདཝ་ད་ སྙན་ཞུ་འབད་མི་ཚུ་ ཡིག་ཚང་ནང་ འབོ་བའི་སྐབས་ བྱ་ངན་འབད་མི་ཚུ་གིས་ དོགས་པ་ཆགས་ནི་གི་ ཉེན་ཁ་ལུ་བལྟ་སྟེ་ རྒྱབ་སྐྱོར་ལེགས་ཤོམ་ འབད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ མི་ཚུ་གིས་ བསམ་འཆར་ཞུ་ནུག།
མི་ཚུ་གིས་འབད་བ་ཅིན་ ཟ་ཁང་ནང་ སྨྱོ་རྫས་སྤྱོད་མི་དང་ ནག་ཚོང་འཐབ་མི་ཚུ་ཡང་ སྡོད་དོ་ཡོདཔ་ལས་ ཁོང་གི་ འབྲེལ་ཡོད་ཡིག་ཆ་ཚུ་ ཁྲིམས་སྲུང་འགག་པ་གིས་ ལྟ་ཞིབ་འབད་བ་ཅིན་ བྱ་ངན་མར་ཕབ་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་མས་ཟེར་ཨིན་པས།
འགག་སྡེའི་འགོ་དཔོན་གྱིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ འདས་པའི་ལོ་༣ གྱི་ ནང་འཁོད་ནང་ བྱ་ངན་དེ་ལེ་ཤ་གིས་ ཡར་སེང་སོང་ཡི་ཟེར་ཨིནམ་ད་ མ་གཞི་ སྤྱི་ལོ་༢༠༡༤ ལུ་ བྱ་ངན་༡༠༡ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༥ ལུ་༩༠ ལུ་ མར་བབས་སོང་ཡོད་རུང་ སྤྱི་ལོ་༢༠༡༦ ལུ་ ཉེས་ལས་༡༨༩ ལུ་ ཡར་སེང་སོང་པའི་ཁར་ དུས་ཅི་ སྤྱི་ཟླ་༨ པ་ཚུན་ ཉེས་ལས་འཐབ་མི་༡༣༢ ཐོ་བཀོད་འབད་ནུག།
ཁྲིམས་སྲུང་འགག་པ་མང་ཤོས་ཅིག་གིས་ མི་མང་དང་ འབྲེལ་བ་འཐབ་མི་ཤེས་པས་ཟེར་ གླ་འཁོར་དེད་གཡོགཔ་ ཀརྨ་གིས་ ཞུ་བའི་ཁར་ ལ་ལོ་གིས་ བློ་ས་ཀྲག་སླབ་པའི་སྐབས་ མི་ཚུ་གིས་ ངོས་ལེན་འབད་མ་བཏུབ་པའི་ དཀའ་ངལ་འདུག་ཟེར་ཞུ་ནུག།
ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་འོག་མ་གིས་འབད་བ་ཅིན་ དེ་བཟུམ་ཞུ་མི་ཚུ་ སེམས་ཁར་བཞག་ནི་ཟེར་ཨིནམ་མ་ཚད་ བྱ་ངན་འབད་སའི་ས་ཁོངས་ ག་ཏེ་ཡོད་ག་ མི་ཚུ་གིས་ ལེགས་ཤོམ་འབད་ར་ ཤེས་དོ་ཡོདཔ་ལས་ ཁྲིམས་སྲུང་འགག་པ་བཟུམ་ འགན་ཁུར་འབག་སྟེ་ འགག་སྡེ་ལུ་ རྒྱབ་སྐྱོར་འབད་བ་ཅིན་ མི་སྡེ་ལེགས་ཤོམ་ཅིག་ལུ་ འགྱུར་ཚུགས་པའི་ གོ་སྐབས་འདུག་ཟེར་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *