བྱ་ངན་ནན་བསྐྱར་འབད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ།

༉ ཁྲིམས་འགལ་ ནན་བསྐྱར་འབད་མི་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་གིས་ ད་རེས་ཡང་ ཆང་འགྲངས་ཏེ་ གནོད་སེམས་ཐོག་ལས་ བྱ་ངན་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ཨིན་པས།
ཐིམ་ཕུག་ཉེས་རྩོད་ཁྲིམས་ཁྲི་ལས་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ བཀྲིས་གཡང་རྩེ་ སྟོང་ཞང་ལས་ ཀརྨ་གིས་ ཐིམ་ཕུག་ཁྲོམ་ཁར་ ཟ་ཁང་ཅིག་གི་ སྒོའི་རྣལ་ལྕགས་ བཅག་དཀྲུམས་བཏང་སྟེ་ བྱ་ངན་འབད་ནུག་ཟེར་ཨིན་པས།
བྱ་ངན་དེ་ཡང་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༩ ལུ་བྱུང་ཡོདཔ་ད་ རྩོད་བཤེར་འབད་བའི་སྐབས་ ཉེས་འཛུགས་ཅན་གྱིས་ ཁོ་ར་ ཆང་འགྲངས་ཡོདཔ་ལས་ དྲན་པ་མིན་འདུག་ཟེར་ ཞུ་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ སྤྱི་ལོ་༢༠༠༤ ལོའི་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ ཆང་འགྲངས་ཏེ་འབད་ནུག་ཟེར་མི་དེ་ དགག་ལན་སྦེ་ མི་བཏུབ་ཟེར་ཞུ་ནུག།
དེ་མ་ཚད་ མི་གཞན་གྱིས་ ཁོ་ལུ་ ཆང་འཐུང་བཅུག་བཅུགཔ་མེནམ་ལས་ ཁོ་ར་གིས་ ཆང་འཐུང་སྟེ་ བྱ་ངན་འབད་མི་དེ་ལུ་ ཁྲིམས་འདུན་གྱིས་འབད་རུང་ ངོས་ལེན་མཛད་ནི་མི་འོང་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ ཞུ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ ཧེ་མ་ཡང་ ཆང་འཐུང་སྟེ་ ཉེས་ལས་ཁག་༥ དེ་ཅིག་ འབད་ཡོད་མི་ཚུ་ག་ར་ དང་བླངས་ཐོག་ལས་ འཐུང་ཡོདཔ་མ་གཏོགས་ གཞན་གྱིས་ འཐུང་བཅུག་པའི་གནས་སྟངས་སྒྲུབ་བྱེད་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་གིས་ ཟ་ཁང་གི་ སྒོའི་རྣལ་ལྕགས་ བཅག་དཀྲུམས་བཏང་བ་གིས་མ་ཚད་ ཟ་ཁང་ནང་ཡོད་མི་ བི་ཡར་དམ་སྦྱིས་ཚུ་ཡང་ རྡོག་ཐལ་བླུགས་ཏེ་ མེདཔ་བཏང་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཉམས་རྒུདཔ་ཚོང་པ་གིས་ སྒོ་གསརཔ་བཟོ་བའི་སྐབས་ དངུལ་ཀྲམ་༨,༥༠༠ གནས་ཡོད་མི་དེ་ ཁྲིམས་འདུན་གྱིས་ ལེན་གནང་དགོཔ་སྦེ་ ཞུ་ཡོད་མི་དེ་ ཤུལ་ལས་ ཉམས་རྒུདཔ་ཨམ་སྲུའི་ རྨགཔ་གིས་ དགོངས་ཡངས་བཏང་དགོཔ་སྦེ་ ཞུ་ཡོདཔ་ལས་ དེ་དང་འཁྲིལ་ སྤྲོད་མ་དགོཔ་སྦེ་ བཟོ་ཡོདཔ་ཨིན་པས།
ཧེ་མ་ བྱ་ངན་འབད་བའི་ ཐོ་ཚུ་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ སྤྱི་ལོ་༢༠༡༢ ལུ་ མི་མང་འཛོམས་སར་ ཆང་འགྲངས་ཏེ་ བྱ་ངན་འབད་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༣ ཕོག་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༣ ལུ་ བརྡབ་གསིག་འབད་བའི་ གནོད་འགེལ་ལུ་བརྟེན་ ཉེས་ཕྲའི་བཙོན་ཁྲིམས་ལོ་༡ ཕོག་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ལོ་༢༠༡༤ ལུ་ ཧམ་འཛུལ་འབད་བའི་ གནད་དོན་ལུ་བརྟེན་ ད་རུང་ བཙོན་ཁྲིམས་ཟླ་ངོ་༣ ཕོག་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༥ ལུ་ འཐབ་འཛིང་འབད་མི་ལུ་བརྟེན་ བཙོན་ཁྲིམས་ཟླ་ངོ་༦ ཕོག་ཡོདཔ་ཨིན་པས།
དེ་མ་ཚད་ ཕོ་སྐྱེས་དེ་གིས་ སྤྱི་ལོ་༢༠༡༥ ལུ་ སྣུམ་འཁོར་སྐྱོན་འཕྲོག་འབད་བའི་ གནོད་འགེལ་ལུ་བརྟེན་ ད་རུང་ བཙོན་ཁྲིམས་ཟླཝ་༦ ཕོག་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *