བོང་སྡེ་མ་བཟོ་གྲྭ་འཕྲུལ་ཁང་གི་དོན་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གཞི་རྟེན་མཁོ་ཆས་ཚུ།

བོང་སྡེ་མ་ལུ་ བཟོ་སྐྲུན་འབད་མི་ བཟོ་གྲྭ་འཕྲུལ་ཁང་ཚུ་ སྤྱི་ལོ་༢༠༡༩ ལུ་ བསྒྲུབ་ནི།

༉ མོང་སྒར་བོང་སྡེ་མ་ལུ་ བཟོ་གྲྭ་འཕྲུལ་ཁང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ཆུའི་གུ་ལས་ སྣུམ་འཁོར་གྱི་ཟམ་དང་ གཞི་རྟེན་མཁོ་ཆས་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ལས་ དེ་འཕྲོ་ལས་ གཞི་བཙུགས་འབད་མི་ཚུགས་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ད་རེས་ནངས་པར་ བཟོ་སྐྲུན་འབད་བའི་བསྒང་ཨིན་མི་ འཁོར་ལམ་དང་ ལམ་གྱི་གཡས་གཡོན་གྱི་ཆུ་གཡུར་ དེ་ལས་ བཟོ་གྲྭ་ཁང་ཚུ་གི་དོན་ལུ་ ཆུ་བཏོན་ནིའི་ ཆུ་མཛོད་ཁང་ དེ་ལས་ བཟོ་གྲྭ་འཛིན་སྐྱོང་ཡིག་ཚང་བཟོ་སྐྲུན་འབད་མི་ཚུ་ གཟིགས་ཞིབ་གནང་པའི་ཤུལ་ལས་ ཤེས་རྟོགས་བྱུང་ཡི།
བློན་པོ་ལས་སྐྱིད་རྡོ་རྗེ་གིས་ བཤད་མིའི་ནང་ བོང་སྡེ་མ་ལུ་ བཟོ་གྲྭ་འཕྲུལ་ཁང་ གཞི་བཙུགས་འབད་མི་དེ་ གཙོ་བོ་ར་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ ནང་བཟོ་ཚོང་ལས་དང་ སོ་ནམ་འཕྲུལ་ཁང་ ནགས་ཚལ་ཚོང་ལས་ དེ་ལས་ གཏེར་དངོས་ཚོང་ལས་ཚུ་ གཞི་བཙུགས་འབད་ནིའི་ གོ་སྐབས་བྱིན་མི་དེ་གིས་ མ་འོངས་པ་ལུ་ ཁེ་ཕན་ལེ་ཤ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ གཞི་རྟེན་གྱི་ལཱ་ དཔེ་འབད་བ་ཅིན་ འཁོར་ལམ་དང་ ཆུ་བཏོན་ནི་ ས་ཆ་སྙོམས་ནི་ དེ་ལས་ ཡིག་ཚང་གི་སྒྲིང་ཁྱིམ་ཚུ་ རྐྱབ་པའི་བསྒང་ཡོདཔ་ལས་ སང་ཕོད་ཀྱི་ལོ་ནང་ཡང་ བཟོ་སྐྲུན་གྱི་ལཱ་ཚུ་ སྒྲུབ་མི་ཚུགས་ནི་ཨིནམ་ལས་ དུས་ཚོད་འགོར་ནི་མས་ཟེར་ཨིན་མས།
བློན་པོ་གིས་ སླབ་མིའི་ནང་ བོང་སྡེ་མ་ བཟོ་གྲྭ་ཁང་གི་དོན་ལུ་ བརྩོན་ཤུགས་བསྐྱེད་བཅུག་དོ་ཟེར་ཨིནམ་མ་ཚད་ བཟོ་གྲྭ་འཕྲུལ་ཁང་དང་ ཚོང་ལས་ཁང་ཚུ་ བཟོ་སྐྲུན་འབད་ཚརཝ་དང་འབྲེལ་ ཁྱིམ་ས་༡༥༤ ཡང་ བགོ་བཀྲམ་འབད་ནི་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ བགོ་བཀྲམ་འབད་མ་ཚུགས་མི་དེ་ ད་ལྟོ་ ཆུ་བཏོན་ནིའི་ལཱ་དང་ སྣུམ་འཁོར་ལམ་ དེ་ལས་ གློག་མེའི་མཐུན་རྐྱེན་ཚུ་ ཧེ་མ་ལས་ བཟོ་ཚར་དགོ་ནི་དེ་གིས་ཨིན་པའི་ཁར་ གླ་ཁར་བྱིན་ནི་གི་ ས་ཆའི་གོང་ཚད་ཀྱི་སྐོར་ལས་ གྲོས་བསྟུན་འགོ་བཙུགས་མ་ཚུགས་ཟེར་ བློན་པོ་གིས་ སླབ་ཨིན་མས།
ལུང་ཕྱོགས་བཟོ་གྲྭ་དང་ ཚོང་འབྲེལ་ཡིག་ཚང་ལས་ འགོ་དཔོན་ཀརྨ་ཚེ་དབང་རིན་འཛིན་གྱིས་ སླབ་མིའི་ནང་ འཁོར་ལམ་བཏོན་ནིའི་ལཱ་ཚུ་ ད་ཚུན་ བརྒྱ་ཆ་ལས་བརྒྱ་༦༥ འབད་ཚར་ཡོདཔ་ལས་ ད་རེས་ནངས་པར་ ལམ་གཡས་གཡོན་ནང་ ཆུ་གཡུར་སེལ་བའི་བསྒང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ བཟོ་གྲྭ་ཁང་ནང་ ཆུ་བཀྲམ་འབད་ནིའི་དོན་ལུ་ ད་ཚུན་ བརྒྱ་ཆ་༧༥ བཟོ་སྐྲུན་འབད་ཚར་བའི་ ལྷག་ལུས་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་མ་ཚད་ བཟོ་གྲྭ་ཁང་འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཐོག་ཚད་༣ འབད་མི་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ལཱ་བརྒྱ་ཆ་༨༠ མཇུག་བསྡུ་ནུག།
བོང་སྡེ་མའི་ བཟོ་གྲྭ་འཕྲུལ་ཁང་དེ་ ས་གླིང་རྒེད་འོག་ནང་ཚུད་དེ་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ བོང་སྡེ་མའི་ཆུ་གུ་ལས་ མི་ཊར་༣༩ འབད་མི་ཟམ་དང་ ཀི་ལོ་མི་ཊར་༡ མ་ལངམ་ཅིག་གི་ འཁོར་ལམ་བསལ་ནིའི་ བཟོ་སྐྲུན་གྱི་ལས་འགུལ་དེ་ བཟོ་བསྐྲུན་གོང་འཕེལ་ལས་འཛིན་ལུ་ ཁག་འབགཔ་སྦེ་ ཚོང་འབྲེལ་ལས་ཁུངས་ཀྱིས་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཚོང་ལས་ལས་ཁུངས་ཀྱི་ གཙོ་འཛིན་འོག་དཔོན་འོགམ་ ཀེ་བི་ བིཤ་ཝ་གིས་ སླབ་མིའི་ནང་ བོང་སྡེ་མ་ལུ་ ས་ཆ་ཨེ་ཀར་༡༡༠ ལྷགཔ་ཅིག་ནང་ བཟོ་གྲྭ་འཕྲུལ་ཁང་སྣ་ཚོགས་ གཞི་བཙུགས་འབད་ནིའི་དོན་ལུ་ དེ་ནང་དགོས་མཁོ་བའི་གཞི་རྟེན་ མཐུན་རྐྱེན་ཚུ་ གཞུང་གིས་ འཆར་གཞི་༡༡ པའི་ནང་ བཟོ་སྐྲུན་འབད་དེ་ བྱིན་དགོཔ་ཨིནམ་ལས་ ད་རིས་ སྣུམ་འཁོར་གྱི་ལམ་ སེལ་བའི་བསྒང་ཡོད་མི་དང་ ཟམ་པ་རྐྱབ་ནི་ཨིན་མི་དེ་ གནད་དོན་དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
བཟོ་གྲྭ་འཕྲུལ་ཁང་ཚུ་ཡང་ སྒེར་སྡེ་རང་སོའི་ གཞུང་ས་གླར་སྤྱོད་ཀྱི་དོན་ལུ་ དགོས་མཁོ་དང་བསྟུན་ གཞུང་གིས་ རྩིས་སྤྲོད་འོང་ཟེར་ཨིནམ་ད་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ གངས་རི་ཧེ་ཟལ་ནཊ་ལས་སྡེ་གིས་ ཨེ་ཀར་༡༦ མཁོ་འདོད་བཀོད་མི་ལས་ ད་ལྟོ་ ཨེ་ཀར་༨ བྱིན་ཏེ་ཡོད་ཟེར་ཨིན་པས།
མ་གཞི་ ས་ཁོངས་དེ་ནང་ ཨེ་ཀར་༡༡༠ ལྷགཔ་ཅིག་ཡོད་མིའི་ནང་ བཟོ་གྲྭ་ཁང་ལེ་ཤ་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ གཞུང་གི་ཧོངས་ལས་ གཞི་རྟེན་མཐུན་རྐྱེན་ཚུ་གི་གྲས་ལས་ ད་ལྟོ་ ཟམ་དང་ འཁོར་ལམ་བཟོ་སྐྲུན་འབད་དོ་ཡོདཔ་ད་ དེ་གི་ཤུལ་ལས་ གློག་མེ་དང་ ཆུ་བཏོན་ནིའི་ལཱ་ཚུ་དང་ གཞན་མཐུན་རྐྱེན་ཚུ་ གཞུང་ལས་ མ་དངུལ་ས་ཡ་༥༠༠ གནང་མི་ཐོག་ལུ་ འཆར་གཞི་༡༢ པའི་ནང་འཁོད་ བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་དགོཔ་ཨིན་པས།
ས་གླིང་རྒེད་འོག་གི་ ཁྲི་འཛིན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ བོང་སྡེ་མ་ལུ་སྦེ་ གཞུང་གིས་ གནང་བ་དང་འཁྲིལ་ བཟོ་གྲྭ་འཕྲུལ་ཁང་ལེ་ཤ་ཅིག་ར་ གཞི་བཙུགས་འབད་དེ་ ལག་ལེན་འཐབ་ནི་ འགོ་བཙུགས་པའི་ཤུལ་ལས་ མོང་སྒར་རྫོང་ཁག་གི་ མི་སེར་ཚུ་ལུ་ ཁེ་ཕན་ཡོད་པའི་ཁར་ འབྲུག་པའི་ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ ལེ་ཤ་འཐོབ་ཚུགསཔ་མ་ཚད་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་དམིགས་ཡུལ་ཡང་ དེ་ལུ་བརྟེན་ འགྲུབ་ཚུགས་ཟེར་ཨིན་པས།
སྐྱེངས་མཁར་རྒེད་འོག་ལས་ མི་སེར་སོ་ནམ་པ་ སྐྱེས་ལོ་༦༠ ལང་མི་ སྲིད་པོ་གིས་ དེ་བཟུམ་སྦེ་ བོང་སྡེ་མ་ལུ་སྦེ་ བཟོ་གྲྭ་འཕྲུལ་ཁང་སྦོམ་གཞི་བཙུགས་འབད་བའི་སྐབས་ གཡུས་སྒོའི་མི་སེར་ཚུ་ལུ་ ཁེ་ཕན་འདྲ་མིན་སྣ་ཚོགས་ཡོད་མི་ལས་ ལཱ་གཡོག་གི་གོ་སྐབས་འཐོབ་ནི་དང་ དབུལ་ཕོངས་ཀྱི་དཀའ་ངལ་ཡང་ བསལ་ཚུགས་པའི་ཕན་ཐོགས་ཡོད་ཟེར་ སླབ་ཨིན་པས།
བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ ས་ཆ་ཨེ་ཀར་༡༡༠ དེ་ཅིག་ནང་ ཁྱིམ་ས་༡༥༤ ལུ་ གླར་སྤྱོད་ཀྱི་དོན་ལུ་ བྱིན་ནི་ཨིན་རུང་ ད་ལྟོ་ གྲོས་བསྟུན་འགོ་མ་བཙུགས་པར་ཡོདཔ་ལས་ ཚོང་ལས་གཞི་བཙུགས་ཀྱི་དོན་ལས་ ཡི་གུ་བཙུགས་མི་ མ་འཐོན་པའི་ཁར་ གོ་སྐབས་ཡང་ སྤྲོད་མི་ཚུགས་ནི་མས་ཟེར་ཨིན་པས།
དེ་ཡང་ བློན་པོ་དང་འཁྲིལ་བ་ཅིན་ ས་གླར་སྤྱོད་ཀྱི་དོན་ལུ་ གོང་ཚད་གཏན་འཁེལ་མ་བཟོ་ཟེར་ཨིན་རུང་ ཤུལ་ལས་ ལེན་ནི་འགོ་བཙུགས་འོང་ཟེར་ ཨིན་མས།
མ་གཞི་ བོང་སྡེ་མ་དེ་ འདས་པའི་ལོ་བཅུ་ཕྲག་གི་སྔ་གོང་ལུ་ ས་ཆ་བཟའ་སྤྱོད་འབད་ནིའི་དོན་ལུ་ གཞུང་གིས་ ད་རེས་ཟམ་རྐྱབ་ནི་ཨིན་མིའི་ སྦོ་ལོགས་ཁར་ སྤྲིང་ཟམ་རྐྱབ་བྱིན་ཏེ་ སྣུམ་འཁོར་ཚུ་ ཕར་ཚུར་རྒྱུན་འགྲུལ་འབད་ཡོད་རུང་ ས་ཁོངས་དེ་ནང་ འཐུང་ཆུའི་དཀའ་ངལ་ཡོདཔ་ ཨིན་པའི་གནས་ཚུལ།

བོང་སྡེ་མ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *